དྲན་པ་ཞེས་པའི་དེང་དུས་བོད་ཀྱི་རི་མོའི་འགྲེམས་སྟོན།

འཇར་མེ་ནི་བོད་ཀྱི་ཁང་པའི་ནང་ལོ་རེར་སྒྱུ་རྩལ་འགྲེམས་སྟོན་ ཐེངས་གཉིས་རེ་གཉེར་བཞིན་ཡོད་ཅིང་། འདི་ལོ་ཡང་ཕྱི་ཟླ་༢ ཚེས་༢༠ ནས་༧ པའི་ཚེས་གསུམ་བར་“དྲན་པ་”ཞེས་པའི་མིང་བྱང་འོག་བོད་ཀྱི་དེང་རབས་སྒྱུ་རྩལ་བ་བསམ་བྱུང་གི་རི་མོའི་སྒྱུ་རྩལ་གྱི་འགྲེམས་སྟོན་བྱེད་ཀྱི་ཡོད་པ་རེད།

unnamedདེ་ཡང་འདུས་བུང་ཕུན་ཚོགས་ཚེ་རིང་གིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། འགྲེམས་སྟོན་གྱི་ཉིན་དང་པོར་ནང་དོན་དང་སྒྱུ་རྩལ་མི་འདྲ་བའི་བརྩམས་ཆོས་རྣམ་གྲངས་བཅུ་འགྲེམས་སྟོན་བྱས་པ་དང་། སྒྱུ་རྩལ་བརྩམས་ཆོས་ཁག་གི་ནང་དོན་ཡང་ངོ་བོ་མི་འདྲ་བ་གསུམ་སྟེ། དང་པོ། སྒྱུ་རྩལ་བ་རང་ཉིད་བཙན་བྱོལ་དུ་འབྱོར་ནས་དུས་ཚོད་རིང་པོར་མ་ཕྱིན་པའི་བག་ཆགས་དང་། ལྷག་པར་དུ་བརྒྱུད་རིམ་དེའི་ནང་ལོགས་ལ་བོད་ཀྱི་ཆོས་དང་། ལྟ་བ་དང། འདུ་ཤེས་བཅས་ལ་འཛིན་པའི་བསམ་བློ་དྲག་པོ་དང་ཚོར་འདུ་ཟབ་མོ་དེ་སྒྱུ་རྩལ་གྱི་ལམ་ནས་ཕྱི་རུ་མངོན་པར་བྱས་ཡོད་པ་རེད། གཉིས་པ། ཁོར་ཡུག་དང་། ཕྱི་ནང་གི་རིག་གནས་ལ་ཤན་ཤུགས་སམ། དེ་ལ་འཛིན་པའི་འདུ་ཤེས་ཁག་མངོན་པར་བྱས་ཡོད་པ་རེད། གསུམ་པ། འགྲེམས་སྟོན་གྱི་མིང་བྱང་དང་དོན་མཚུངས་པར་བྱས་འདུག་པ་སྟེ། སྒྱུ་རྩལ་བ་རང་ཉིད་ཕ་ཡུལ་དུ་ཡོད་སྐབས་དང་། ལྷག་པར་དུ་བྱིས་དུས་ཀྱི་དྲན་སྣང་དང་། འཆར་སྣང་དང་། མཐོང་སྣང་རྣམས་མངོན་པར་བྱས་ཡོད་པ་རེད།

དེ་ཡང་སྒྱུ་རྩལ་བ་ཁོང་གིས་གསུངས་དོན། “ངས་བརྩམས་ཆོས་གསུམ་པ་རྩོམ་སྐབས། ང་རང་ད་ལྟའི་སྡོད་ས་འདི་ནི་སྤྱིར་བཏང་ཁ་ཁུ་སིམ་པོ་དང་། ཡང་སྒོས་བོད་པ་མང་པོ་མེད་པའི་ཁོར་ཡུག་ཅིག་རེད། ང་རང་གིས་རི་མོ་འབྲི་བའི་སྐབས་སུ་བསམ་བློའི་ནང་ཆུང་དུས་ཀྱི་ཚོར་བ་དང། མཐོང་སྣང་རྣམས་ལྷང་ངེར་མངོན་འོང་བ་ལས། འཆར་གཞི་དང་གོ་རིམ་ལྡན་པའི་ཐོག་ནས་མི་འབྲི་བར་། བསམ་བློའི་ནང་གང་ཤར་ཡོང་བ་རྣམས་རི་མོའི་ལམ་ནས་བྲི་རྐྱང་བྱེད་བཞིན་ཡོད། དུས་ཡུན་ཧ་ཅང་རིང་པོ་དེའི་ནང་ཕ་ཡུལ་གྱི་ཕྱིའི་བཀོད་པར་འགྱུར་བ་མང་པོ་ཞིག་ཕྱིན་ཡོད་རུང་། ངའི་བསམ་པའི་ནང་གི་ཕ་ཡུལ་ནི་ཆུང་དུས་ཀྱི་འཆར་སྣང་ཇི་བཞིན་ད་དུང་ཡང་རི་མོར་བཀོད་ཡོད་པ་ལྟར་ཁྲ་ལམ་མེར་གསལ་འདུག”ཅེས་གསུངས་སོང་།
འགྲེམས་སྟོན་དབུ་འབྱེད་ཉིན་བོད་ཀྱི་དེང་རབས་རི་མོ་ལ་རྒྱུས་མངའ་ཧ་ཅང་ཟབ་མོ་ཡོད་མཁན་ཨེ་ཁ་ཧེ་སེལ་(Elke Hessel) གྱིས་བོད་ཀྱི་དེང་རབས་རི་མོའི་རྒྱབ་ལྗོངས་དང་། འཕེལ་རིམ་སྐོར་གཟིགས་མོ་བ་རྣམ་པར་ངོ་སྤྲོད་གནང་།

unnamed1དེ་བཞིན་འཇར་མེ་ནི་རོལ་མོ་བ་ཞིག་གིས་ཀྱང་རོལ་དབྱངས་ཐོག་ནས་དགའ་བསུ་ཞུས་པ་དང་། སྒྱུ་རྩལ་འགྲེམས་སྟོན་འདི་ནི་འཇར་མེ་ནི་བོད་ཀྱི་ཁང་པས་གཉེར་ཞིང་། ཕང་ཕོ་ཌི་གྲོང་ཁྱེར་ཤེས་རིག་ལས་ཁུངས་(Kulturamt der Stand Frankfurt)ཀྱིས་ནམ་རྒྱུན་བོད་ཀྱི་ཁང་པའི་མཛད་རིམ་མང་པོར་གདེང་འཇོག་དང་། རྒྱབ་སྐྱོར་གནང་མུས་ཐོག དམིགས་བསལ་འགྲེམས་སྟོན་ཁག་ལ་དཔལ་འབྱོར་གྱིས་རྒྱབ་སྐྱོར་གནང་སྲོལ་ཡོད་པ་ལྟར་ད་ཐེངས་ཀྱང་འགྲེམས་སྟོན་འདིའི་འགྲོ་སོང་བརྒྱ་ཆ་ཉི་ཤུ་ཤེས་རིག་ལས་ཁུངས་ཀྱིས་བཏང་ཡོད་འདུག

བོད་ཀྱི་དེང་རབས་སྒྱུ་རྩལ་བ་བསམ་བྱུང་ནི་ཕ་ཡུལ་བོད་དུ་འཁྲུངས་ཤིང། བོད་དང་རྒྱ་ནག་ནང་ལ་སློབ་སྦྱོང་གནང་མྱོང་ཡོད་ཅིང་། ད་ཆ་སུད་སིར་རྒྱལ་ཁབ་ཏུ་གནས་སྡོད་བྱས་ཏེ། ས་ཆ་དེར་མུ་མཐུད་སྒྱུ་རྩལ་གྱི་བརྩམས་ཆོས་མང་པོ་བརྩམས་དང་རྩོམ་མུས་ཡིན་པ་རེད། བོད་དང་རྒྱ་ནག་ནང་ནང་གཙུག་ལག་སློབ་གྲྭ་ནས་ཐོན་མཚམས། ལོ་ཤས་རིང་ས་གནས་དེར་ལས་ཀ་གནང་སྟེ། རིམ་པས་བཙན་བྱོལ་ནང་ཕེབས་ཡོད་པ་རེད།
འཇར་མེ་ནི་བོད་ཀྱི་ཁང་པ་ནི་༢༠༠༥ལོར་བྲག་གཡབ་༧སྐྱབས་མགོན་གྱིས་གསར་འཛུགས་གནང་བ་དང་། ད་ལྟ་ལོ་གཅིག་ལ་ཁྱོན་བསྡོམས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་མཛད་རིམ་ཁག་སུམ་བརྒྱ་ལྷག་གཉེར་བཞིན་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||