༧གོང་ས་མཆོག་ནས་མཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

 ༸གོང་ས་མཆོག་གིས་ཕྱི་ལོ་ ༢༠༢༢ ཟླ་བ་ ༠༧ ཚེས་ ༠༡ ཉིན་ཉེ་ལམ་ཧྥི་ལི་པིན་མི་མང་གིས་མང་མོས་འོས་འདེམས་གནང་པའི་སྲིད་འཛིན་ཕར་ཊི་ནེན་མར་ཀོས་གཞོན་པ་ (Ferdinand Marcos Jr) མཆོག་གིས་སྲིད་འཛིན་གྱི་དམ་འབུལ་ལེགས་གྲུབ་རྗེས་མཛད་འགན་དངོས་སུ་དབུ་འཛུགས་གནང་བར་འཚམས་འདྲིའི་གསུང་འཕྲིན་ཞིག་བསྩལ་འདུག

དེ་ཡང་འཚམས་འཕྲིན་ནང་མགོན་པོ་གང་ཉིད་མཆོག་གིས། སྐུ་ཉིད་ཀྱིས་ཕི་ལི་པིན་གྱི་མི་མང་སྤྱི་དང་ལྷག་པར་སྤྱི་ཚོགས་ཁྲོད་ལྷག་པའི་ཉམ་ཐག་སྐྱེ་བོ་རྣམས་ཀྱི་རེ་བ་དང་མངོན་འདོད་བསྒྲུབ་ཆེད་འབྱུང་འགྱུར་ཀྱི་དཀའ་ངལ་ཁག་ལ་གྲུབ་འབྲས་ལྡན་པའི་ཐོག་གདོང་ལེན་གནང་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན། སྐུ་ཉིད་ཀྱིས་གཅིག་བྱས་ན་མཁྱེན་གྱི་ཡོད་སྲིད། ངོས་རང་དང་ཕི་ལི་པིན་མི་མང་བར་དམིགས་བསལ་གྱི་མཛའ་འབྲེལ་ཟབ་པོ་ཡོད། ཕྱི་ལོ་ ༡༩༥༩ ལོར་ངོས་རང་ཕ་ཡུལ་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་མ་ཐག་ཁོ་ཚོས་ངོས་ལ་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་མཚོན་ཆེད་ར་མོན་མག་སེ་སེ་ (Ramon Magsaysay Award) ཞེས་པའི་གཟེངས་རྟགས་གནང་བར་ཧ་ཅང་སེམས་འགུལ་ཐེབས་བྱུང་། དེ་ནས་བཟུང་རྣམ་པ་ཚོའི་སྙན་གྲགས་ཆེ་བའི་དབུ་ཁྲིད་ཀྱི་མཚན་གནས་ཡོད་པའི་གཟེངས་རྟགས་ཀྱི་དམིགས་ཡུལ་ལྟར་ངོས་ཀྱིས་ཆིག་སྒྲིལ་དང་། གཞན་དོན་བསྒྲུབ་རྒྱུའི་སྙིང་སྟོབས་དང་དམ་བཅའ་བརྟན་པོ་བཟུང་ཡོད།

ངོས་ཀྱིས་ང་ཚོའི་མི་ཚེ་དང་རིག་གཞུང་གི་དོན་སྙིང་འཚེ་མེད་ཞི་བ་དང་། སྙིང་རྗེའི་བསླབ་བྱ་རྣམས་ཉམས་ལེན་ཡོང་བར་བློས་བཏང་གིས་སྐུལ་དེད་གཏོང་གི་ཡོད། ངོས་ཀྱིས་དངོས་གནས་དྲང་གནས་འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་འཛིན་པའི་ཐོག་འཛམ་གླིང་གང་སར་གནས་པའི་ང་ཚོའི་མཆེད་གྲོགས་ཕོ་མོ་ཡོངས་ཀྱི་བདེ་སྡུག་སླད་ཞབས་འདེགས་ཞུ་འདོད་ཡོད་རིགས་ཀུན་ནས་བསླབ་བྱ་འདི་དག་ཉམས་ལེན་བྱེད་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ཅེས་བཀའ་བསྩལ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||