སྲིད་སྐྱོང་འོས་མི་ཚོགས་ཟུར་སྤེན་པ་ཚེ་རིང་ལ་བཅར་འདྲི། 

ཕྱི་ལོ་༢༠༢༡ ལོའི་སྲིད་སྐྱོང་འོས་མི་རྣམས་ཀྱིས་སོ་སོའི་མ་འོངས་ལས་འཆར་དང་ལོ་རྒྱུས་སོགས་ཀྱི་ཐད་འོས་མིའི་ཁྱབ་བསྒྲགས་ལས་རིམ་ཁག་ཏུ་གསལ་པོ་འགྲེལ་བརྗོད་གནང་ཟིན་ཡོད་ཁར། སྒེར་གྱི་ངོ་དེབ་དང་དྲ་ཚིགས་ཁག་ཏུ་ཡང་གསལ་པོ་བཟོས་ཟིན་ཡོད་པ་དང་། འདི་ག་བོད་ཀྱི་བང་ཆེན་གསར་ཁང་ནས་སྲིད་སྐྱོང་འོས་མི་རྣམས་ལ་བོད་མི་མང་པོ་ཞིག་གིས་སེམས་ཚོར་བྱེད་སའི་གནད་དོན་ཁག་ཅིག་གི་ཐོག་ལ་བཅར་འདྲི་གཅིག་མཚུངས་སུ་བྱེད་རྒྱུ་བྱས་པ་ཡིན་ལ། དེང་སྐབས་རྒྱ་ནད་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་འགྲིམ་འགྲུལ་དང་ཐུག་འཕྲད་ལ་དཀའ་ངལ་ཡོད་པར་བརྟེན། ཡིག་ཐོག་དང་ཡང་ན་ཁ་པར་བརྒྱུད་ནས་གནས་འདྲི་བྱེད་ཐབས་བྱས་པར། སྲིད་སྐྱོང་འོས་མི་སྤྱི་འཐུས་ཚོགས་གཙོ་ཟུར་པ་སྤེན་པ་ཚེ་རིང་གིས་ཡིག་ཐོག་ནས་ལན་འདེབས་གནང་བ་གཤམ་གསལ།

དྲི་བ། རྒྱ་གར་ནང་བོད་མིའི་མི་འབོར་ཉུང་དུ་འགྲོ་བཞིན་པ་དེ་ལ་ཁྱེད་རང་གིས་སེམས་འཚབ་འོས་པའི་གནད་དོན་ཞིག་ལ་ངོས་འཛིན་གནང་གི་ཡོད་དམ། རྒྱུ་མཚན་གསུངས་རོགས།

ལན། འདས་པའི་མི་ལོ་༦༠ ལྷག་རིང་། སྤྱི་ནོར་༸གོང་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་རྗེ་བཀའ་དྲིན་འོག བཙན་བྱོལ་ནང་གཞིས་སྒར་དང་། སློབ་གྲྭ། དགོན་པ་སོགས་གསར་འཛུགས་གནང་བ་ལ་བརྟེན་ནས། བོད་མི་རྣམས་སྤྱི་ཚོགས་གཞན་ནང་འཐོར་གྱར་དང་། སིམ་ཡལ་དུ་མ་སོང་བར་འཚོ་གནས་ཐུབ་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་པ་རྒྱུན་འཛིན་དང་ཡར་རྒྱས་བཏང་སྟེ། བཙན་བྱོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་ཡོད། འོན་ཀྱང་། ལོ་ངོ་བཅུ་ཕྲག་གསུམ་མིན་ཙམ་གྱི་གོང་ནས་བཟུང་སྟེ། བོད་མི་རྣམས་རིམ་པས་ཕྱི་རྒྱལ་དུ་གཞིས་སྤོ་བྱེད་འགོ་ཚུགས་པ་དང་། དེ་བཞིན་ཕྲུ་གུ་སྐྱེ་བཙའི་གྲངས་འབོར་ཡང་མར་ཆག་འགོ་ཚུགས་ཏེ། རྒྱ་གར་ནང་བོད་མིའི་མི་འབོར་ཇེ་ཉུང་དུ་ཕྱིན་ཡོད། ཡིན་ནའང་། དེ་ནི་སྤྱི་ཚོགས་ཕྱི་ནང་གི་འགྱུར་འགྲོས་དང་། མིའི་བསམ་བློ་གཏོང་སྟངས་ལ་འགྱུར་བ་ཕྱིན་པའི་འབྲས་བུ་ཞིག་ཡིན་པས། འཛིན་སྐྱོང་གི་ངོས་ནས་ཐད་ཀར་སྟངས་འཛིན་བྱེད་ཐུབ་པ་ཞིག་མ་རེད། སྤྱི་ཚོགས་ཀྱི་འགྱུར་བ་གང་ཡིན་ཡང་བཟང་ངན་གྱི་ཆ་གཉིས་ཀ་ཡོད། དེར་བརྟེན། གནས་སྟངས་དེར་སེམས་འཚབ་བྱས་ནས་གང་ཡང་ཕན་གྱི་མ་རེད། ང་ཚོ་རྒྱང་ཐག་རིང་ཡང་། བློ་ཐག་ཉེ་པོ་བྱས་ཏེ། བོད་མིའི་མི་འབོར་གང་དུ་ཡོད་པ་དེ་དག་ཚགས་ཚུད་པོ་བཟོ་རྒྱུ་དེ་གལ་ཆེ་ཤོས་རེད།

དྲི་བ། ཁྱེད་ཀྱི་སྲིད་སྐྱོང་ལས་ཡུན་སྐབས་སུ་རྒྱ་ནག་མང་གཙོའི་ལམ་ལུགས་ཆགས་པ་དང་། ཡང་ན་ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཁ་འཐོར་བ་ལྟར་རྒྱ་ནག་ཀྱང་ཁ་འཐོར་ཚེ། ཁྱེད་ཀྱིས་མུ་མཐུད་ནས་ས་གནས་མི་རིགས་རང་སྐྱོང་རྩོད་རྒྱུ་ཡིན་ནམ། ཡང་ན་རང་བཙན་གཙང་མ་རྩོད་རྒྱུ་ཡིན་ནམ།

ལན། རྒྱ་ནག་མང་གཙོའི་ལམ་ལུགས་ཆགས་ཐུབ་ཀྱི་རེད་དམ་མ་རེད། གལ་སྲིད་མང་གཙོ་ཆགས་པ་ཡིན་ན་ག་འདྲ་ཞིག་ཆགས་ཀྱི་རེད། གལ་སྲིད་དབང་ཆའི་གྲུབ་སྟངས་དེ་ས་གནས་ཀྱི་འགན་དབང་རྣམས་དབུས་གཞུང་གིས་ཁྲིམས་ཡིག་བརྒྱུད་ཐག་གཅོད་བྱེད་པའི་ཆིག་རྐྱང་ལམ་ལུགས་(unitary government) ཤིག་ཆགས་པ་ཡིན་ན་ག་རེ་བྱེད་དགོས་ཀྱི་རེད། ཡང་ན་མངའ་སྡེ་དང་དབུས་གཞུང་གི་དབང་ཆའི་ས་མཚམས་དེ་རྩ་ཁྲིམས་ཀྱིས་འགན་ལེན་བྱས་པའི་མནའ་འབྲེལ་ལམ་ལུགས་(federal government) ཤིག་ཆགས་ན་ག་རེ་བྱེད་དགོས་ཀྱི་རེད། དེ་ཚོ་ཕྱོགས་ཚང་མར་བསམ་བློ་གཏོང་དགོས་ཀྱི་རེད། དེ་བཞིན། ཨུ་རུ་སུ་སྤྱི་མཐུན་རྒྱལ་ཁབ་ཁ་འཐོར་བ་ལྟར་རྒྱ་ནག་ཀྱང་ཁ་འཐོར་གྱི་རེད་དམ་མ་རེད། ཐོར་བ་ཡིན་ན་དེ་ནས་དྲག་དམག་གིས་འཛིན་སྐྱོང་བྱེད་ཀྱི་རེད་དམ། ཡང་ན་ཁྲིམས་མེད་ལུགས་མེད་ (anarchy) ཅིག་ཆགས་ཀྱི་རེད། ཡང་ན་རང་བཙན་རྒྱལ་ཁབ་ཁ་ཤས་ཆགས་ཀྱི་རེད་དམ། དེ་བཞིན་སོག་པོ་དང་། ཡུ་གུར་སོགས་མི་རིགས་ཚོའི་གནས་སྟངས་ག་འདྲ་ཆགས་ཀྱི་རེད། དེའི་རིགས་དེ་ད་ལྟ་རང་ཚོད་དཔག་བྱེད་ཐུབ་པ་ཞིག་མ་རེད། བོད་མི་རིགས་ཀྱི་ཆབ་སྲིད་ཀྱི་མདུན་ལམ་དེ་མཐར་གཏུགས་ནས་བཤད་ན་སྐབས་དུས་ཀྱི་དངོས་ཡོད་གནས་སྟངས་དང་བསྟུན་ཏེ་བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་དང་མཐུན་པ་ཞིག་ཐག་གཅོད་བྱེད་དགོས་ཀྱི་རེད།

དྲི་བ། གལ་ཏེ་ཁྱེད་རང་སྲིད་སྐྱོང་ཡིན་པའི་སྐབས་སུ་༸གོང་ས་མཆོག་སྐུ་འཚོ་བཞུགས་མེད་པ་ཆགས་ནས། ༸སྐུའི་ཡང་སྲིད་ཐད་རྒྱ་ནག་ནས་གཅིག་ངོས་འཛིན་དང་། དེ་བཞིན་བཙན་བྱོལ་ནང་ནས་ཀྱང་ཡང་སྲིད་ངོས་འཛིན་བྱེད་མཁན་བར་འགལ་ཟླ་བྱུང་ན་གནད་དོན་དེ་སེལ་ཐབས་གང་འདྲ་གནང་ས་རེད་དམ།

ལན། བདག་ནི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༡༡༣ ལྷག་འཚོ་བཞུགས་ཐུབ་པར་ཡིད་ཆེས་ཞུ་མཁན་ཞིག་ཡིན་པ་དང་། ༸མགོན་པོ་མཆོག་གིས་ན་ནིང་བོད་ཀྱི་ཆོས་ཚོགས་ཐེངས་༡༤ པའི་ཚོགས་ཐོག་ཏུའང་༸སྐུའི་ཡང་སྲིད་སྐོར་ལ་སེམས་འཚབ་དེ་རིགས་དགོས་དོན་མེད་པའི་བཀའ་གསལ་པོ་གནང་ཡོད་པ་དང་། དེ་བཞིན་དུ་ཡོངས་གྲགས་སུ་གསུང་འཕྲིན་དང་། བཀའ་སློབ་རིམ་པར་བསྩལ་ཡོད་པས། ང་ལ་སྲིད་སྐྱོང་གི་འགན་བསྐུར་བ་ཡིན་ན། ངའི་ལས་ཡུན་ནང་དེ་ལྟར་ཡོང་མི་སྲིད་པས། རྣམ་རྟོག་དེ་རིགས་བྱེད་དགོས་དོན་ཡང་མ་མཐོང་།

དྲི་བ། ཁྱེད་རང་གིས་བྱས་ན་བོད་ཀྱི་འཐབ་རྩོད་ནང་རང་བཙན་དང་དབུ་མའི་ལམ་ལངས་ཕྱོགས་གཉིས་ཀ་དགོས་པ་ཞིག་རེད་བསམ་གྱི་འདུག་གམ། རང་བཙན་གྱིས་དབུ་མའི་ལམ་ལ་གནོད་ཀྱི་ཡོད་དམ།

ལན། བོད་ཀྱི་རྩ་དོན་སྒྲུབ་ཐབས་ཀྱི་རང་བཙན་དང་དབུ་མ་གཉིས་ནི་གཞི་རྩའི་ཆབ་སྲིད་ལངས་ཕྱོགས་མི་མཐུན་པ་དང་། བསྒྲུབ་བྱའི་དམིགས་ཡུལ་ལ་རྒྱ་ཆེ་ཆུང་དང་། ལག་ལེན་བསྟར་རུང་གི་ཆ་ནས་ཁྱད་པར་ཡོད་ཀྱང་། ང་ཚོའི་ཁ་གཏད་གཅིག་རེད། མང་གཙོའི་ལམ་སྲོལ་ནང་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་མི་མཐུན་པ་ཡོད་དགོས་མིན་གྱི་དྲི་བ་མེད་པར། ཡོད་ཆོག་པ་ཞིག་དང་། ཡོད་ངེས་པ་ཞིག་རེད། རྩ་དོན་གྱི་གནད་དོན་ལ་ཐུག་སྐབས་ཁ་གཏད་ངོས་འཛིན་མ་ནོར་བ་བྱེད་ཐུབ་ན། ནང་ཁུལ་གྱི་རྩོད་པ་ཡོང་དགོས་དོན་མེད་ལ། རང་བཙན་གྱི་ལངས་ཕྱོགས་བཟུང་བ་ཙམ་གྱིས་དབུ་མའི་ལམ་གྱི་སྲིད་ཇུས་ལ་གནོད་དགོས་དོན་མེད། ཡིན་ནའང་། རྣམ་དཔྱོད་འདོན་སྟངས་དང་། ལས་འགུལ་སྤེལ་སྟངས་ཀྱི་ཐོག་ནས་རྩོད་མ་ཤེས་ན་གནོད་སྲིད་ཀྱི་རེད། གལ་ཆེ་ཤོས་ནི། སྤྱི་པའི་རྩ་དོན་ཐོག་ལངས་ཕྱོགས་མི་འདྲ་བར་བསྙད་དེ་སྒེར་ནད་སྤྱི་སྤུངས་དང་། ཕན་ཚུན་འཁོན་འཛིན་བྱེད་རེས་བྱུང་ན་རྩ་དོན་འཐབ་རྩོད་ཀྱི་ནུས་པ་ཉམས་དམས་སུ་འགྲོ་གི་རེད། ངས་ནུས་པ་མཉམ་སྤུངས་ཀྱི་བསྒྲགས་ཚིག་འདོན་དགོས་དོན་ཡང་ཆབ་སྲིད་ཀྱི་ལངས་ཕྱོགས་འདྲ་མིན་ལ་མ་ལྟོས་པར། ནུས་པ་གང་ཡོད་ཁ་གཏད་ཐོག་སྤུངས་ཐུབ་པར་དམིགས་པ་ཞིག་ཡིན།

དྲི་བ། ད་ལྟའི་ཆར་རྒྱལ་སྤྱིའི་ནང་རྒྱ་ནག་ལ་མི་དགའ་བའི་སེམས་ཚོར་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་དེར། ཁྱེད་རང་གིས་བྱས་ན་རྒྱ་གར་དང་ཨ་རི། ཡུ་རོབ་ཀྱི་རྒྱལ་ཁབ་སོགས་ཀྱི་གྲོས་ཚོགས་ནང་དུ་བོད་དེ་རང་བཙན་རྒྱལ་ཁབ་ཡིན་པ་ངོས་འཛིན་ཐོབ་ཐབས་བྱེད་རྒྱུ་གལ་ཆེན་ཡིན་པ་མཐོང་གི་འདུག་གམ།

ལན། ད་ལྟའི་ཆར། བོད་རྒྱའི་དཀའ་རྙོག་སེལ་བའི་སྲིད་ཇུས་ནི་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་དབུ་མའི་ལམ་འདི་ཡིན། སྲིད་ཇུས་དེའི་ཆ་རྐྱེན་འོག་ནས་བོད་རྒྱ་འབྲེལ་མོལ་བྱུང་སྟེ། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་ཆ་རྐྱེན་འདོན་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་ལ་ལན་འདེབས་གསལ་པོ་གནང་ཟིན་པ་ཞིག་རེད། བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ངོ་མ་ཇི་ཡིན་ནི་ལོ་རྒྱུས་མཁས་པས་སྡོམ་ཚིག་འགོད་དགོས་པ་ཞིག་རེད། དེང་སང་རྒྱལ་སྤྱིའི་ནང་འགྱུར་བའི་ཡོ་ལང་ཤུགས་ཆེན་པོ་ཞིག་འགྲོ་བཞིན་པ་དང་། རྒྱ་ནག་དང་རྒྱལ་ཁབ་མང་པོའི་འབྲེལ་ལམ་ལའང་འགྱུར་བའི་རྟགས་མཚན་མང་པོ་ཞིག་མཐོང་རྒྱུ་འདུག  ཨ་རིའི་གྲོས་ཚོགས་ནས་བོད་འདི་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པ་དེ་སྔ་ནས་ངོས་འཛིན་གནང་ཟིན་ཡོད། སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་ལ་ཕབ་པའི་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་འདི་ལག་བསྟར་བྱེད་པར་ཕན་གནོད་ཇི་འབྱུང་ཕྱོགས་ཡོངས་ནས་དཔྱད་ཞིབ་གཟབ་ནན་ཞིག་མ་བྱས་བར་དུ། དེ་ལྟར་བྱ་རྒྱུ་གལ་ཆེན་པོ་ཡིན་མིན་ཁ་ཚོན་གཅོད་མི་ཐུབ། དེ་ལས་ཀྱང་གལ་ཆེ་བ་ཞིག་ནི། བོད་དོན་བདེན་མཐའ་གསལ་བའི་མཐར་ཐུག་གི་དམིགས་ཡུལ་ཏེ། འཛམ་གླིང་གི་སྣེ་གསུམ་པར་འབོད་པའི་བོད་ཀྱི་འབྱུང་ཁམས་ཁོར་ཡུག་དོ་སྙོམས་དང་། བོད་མི་མང་ལ་རང་དབང་བདེ་སྐྱིད་ཁ་ཡོད་ལག་ཡོད་ཅིག་བསྐྲུན་ཐབས་སུ་ག་རེ་བྱ་རྒྱུ་འདུག  ག་འདྲ་བྱེད་དགོས་ཀྱི་འདུག  ག་རེ་བྱེད་ཐུབ་པ་འདུག་བལྟ་རྒྱུ་དེ་ཡིན།

དྲི་བ། ཁྱེད་རང་གིས་དོལ་རྒྱལ་བསྟེན་མཁན་ཚང་མར་ལྟ་ཚུལ་གཅིག་མཚུངས་ཡོད་དམ་ཡང་ན་དབྱེ་འབྱེད་འདྲ་གནང་གི་ཡོད་དམ། ཁོང་ཚོ་བོད་མིའི་སྤྱི་ཚོགས་སུ་ཚུར་འགུག་ཐབས་གནང་རྒྱུ་གལ་ཆེན་ཡིན་པར་ངོས་འཛིན་གནང་གི་ཡོད་དམ། གལ་ཏེ་ཡོད་ན་གང་འདྲ་གནང་རྩིས་ཡོད་དམ།

ལན། དོལ་རྒྱལ་གྱི་རྩོད་རྙོག་འདི་༸རྒྱལ་དབང་ལྔ་པའི་སྐབས་བྱུང་བ་ཞིག་དང་། དེས་ད་བར་བསྟན་འགྲོའི་བྱ་བར་གནོད་པ་གང་བྱས་དང་། སྤྱི་ཚོགས་ནང་དཀའ་ངལ་ཇི་བཟོས་ཀྱི་སྐོར་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་། ཆོས་བརྒྱུད་ཁག་གི་བླ་ཆེན་དབུ་ཁྲིད་རྣམ་པས་བླང་དོར་ལམ་སྟོན་གསལ་ཞིང་རྒྱས་པ་གནང་ཡོད་པ་དང་། དགེ་ལྡན་བསྟན་བདག་ལྷན་ཚོགས་ཀྱིས་མཚོན་པའི་ཚོགས་སྡེ་ཁག་མང་པོ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་བཅས་ནས་གྲོས་ཆོད་སྔ་རྗེས་བཞག་ཡོད་པས། དོལ་རྒྱལ་བསྟེན་གསོལ་བྱས་ན་ཁེ་ཉེན་ཇི་ཡོད་མི་ཤེས་མཁན་ཧ་ལམ་ཡོང་མི་སྲིད། ངས་༢༠༡༦ ལོར་ཡོངས་གྲགས་སུ་བཤད་ཟིན་པ་ལྟར། དགོས་པ་རྒྱུ་མཚན་དུ་མའི་དབང་གིས་ཅི་བྱ་གཏོལ་མེད་ངང་དོལ་རྒྱལ་རྗེས་འབྲངས་པའི་གནོན་ཤུགས་འོག་ཚུད་པའི་རང་རིགས་དང༌། ཧི་མ་ལ་ཡའི་རི་རྒྱུད། ཕྱི་རྒྱལ་གྱི་ནང་པའི་རྗེས་འཇུག་རྣམས་ལ་དངོས་དོན་ར་སྤྲོད་དང་། གོ་བསྐོན་སློབ་གསོ་བརྒྱབས་ཏེ་ལམ་ནོར་ལྡོག་ཤེས་ཡོང་ཐབས་བྱ་རྒྱུ་ཞེས་པ་དེར་ད་ལྟའང་འགྱུར་བ་མེད། ཡིན་ནའང་། ཤེས་བཞིན་དུ་ཀླད་རྙིང་མཁྲེགས་བཟུང་བྱེད་མཁན་དང་། རྒྱ་ནག་གི་བསླུ་བྲིད་འོག་ཤོར་བ་དེ་ཚོ་ནི་སོ་སོ་རང་ངོས་ནས་བསམ་བློར་འགྱུར་བ་མ་ཐེབས་བར་དུ་བྱེད་ཐབས་དབེན། 

 དྲི་བ། སྤྱི་ཚོགས་ནང་ཆོས་བརྒྱུད་ཀྱི་སྤྱི་འཐུས་དགོས་མཁོ་མེད་པའི་བསམ་ཚུལ་འཛིན་མཁན་མི་ཉུང་བ་ཞིག་འདུག་པས། དེའི་ཐོག་ཁྱེད་རང་ལ་བསམ་ཚུལ་གང་ཡོད་དམ།

ལན། ངས་ད་ལྟའི་ཆར་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆའི་ནང་ཆོས་བརྒྱུད་སྤྱི་འཐུས་དགོས་མཁོ་མེད་པའི་བསམ་ཚུལ་འཛིན་གྱི་མེད། ཡིན་ནའང་། སྤྱི་ཚོགས་ནང་བསམ་ཚུལ་དེ་ག་རེ་བྱས་ནས་ཡོང་བ་ཡིན་མིན་ལ་བསམ་བློ་གཏོང་དགོས་ཀྱི་རེད། མང་གཙོའི་ལམ་ལུགས་ནང་སོ་སོའི་འགོ་ཁྲིད་འདེམས་པའི་ཐོབ་ཐང་འདྲ་མཉམ་དགོས་པ་ནི་ཆབ་སྲིད་ཀྱི་ཐོབ་ཐང་ཆེ་ཤོས་དེ་ཡིན་པ་དང་། མང་གཙོའི་ལྟ་གྲུབ་དང་སྤྱི་ཚོགས་ཀྱི་དངོས་ཡོད་གནས་ཚུལ་ལ་བསྟུན་ཏེ་བོད་ཀྱི་ཡུལ་མི་ཚང་མར་སྐྱ་སེར་གྱི་དབྱེ་བ་མེད་པར་འོས་བསྡུའི་ཐོབ་ཐང་འདྲ་མཉམ་སྤྲོད་ཐུབ་དགོས་པ་ནི་དུས་ཀྱི་དགོས་མཁོ་ཡིན། དེ་བཞིན་དུ་སྤྱི་སྙོམས་དྲང་བདེན་གྱི་ཐོག་ནས་སྤྱི་འཐུས་རྒྱུན་ལས་ཀྱི་གྲུབ་ཆ་ལའང་འགྱུར་བ་གཏོང་དགོས་ཆགས་འདུག་སྙམ། ངས་ཕྱི་ལོ་༢༠༢༠ ཟླ་༩ ཚེས་༢ ནས་བཟུང་ད་བར་རེས་གཟའ་སྤེན་པའི་དགོང་མོ་འཆར་ཅན་དྲ་ལམ་བརྒྱུད་ནས་གཏམ་བཤད་བྱས་དང་བྱེད་བཞིན་པ་ལྟར། རྒྱས་པར་མཁྱེན་འདོད་ཡོད་ན་དེ་དག་ལ་གཟིགས་རོགས་གནང་། །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Share this:

Leave a Reply