༄༅།  །གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་གྱི་སྐབས་གསུམ་པའི་སྨན་རྩིས་བསྡུས་ར་བ་དང་དཀའ་བཅུ་པའི་སློབ་མ་གསར་བསྡུའི་གསལ་བསྒྲགས།

༄༅། །མཁྱེན་པའི་སྤྱན་རས་ཡངས་ཤིང་བསླབ་གསུམ་ནོར་གྱིས་ཕྱུག་པའི་རིས་མེད་དགོན་སྡེ་ཁག་གི་འགན་འཛིན་རྣམ་པ་དང་འབྲེལ་ཡོད་ལྷན་དྲུང་དུ།

ཆེད་དུ་ཞུ་གསོལ།

འགེངས་ཤོག་ཕབ་ལེན།

འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་ནི། སྤྱི་ལོ་ ༡༧༠༠ ལོར་མདོ་ཁམས་སྡེ་དགེ་ཨ་ལོའི་ཡུལ་དུ་འཁྲུངས་པ་༸བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་༸མ་ཧཱ་པཎྜི་ཏ་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་མཆོག་གིས་སྤྱི་ལོ་ ༡༧༢༧ ལོར་མདོ་སྔགས་རིག་གནས་ཆ་ལག་དང་བཅས་པའི་དཔལ་ཀུན་སྤུངས་པའི་གདན་ས་ཆེན་པོ་ཤར་དཔལ་སྤུངས་ཐུབ་བསྟན་ཆོས་འཁོར་གླིང་ཕྱག་བཏབ། དེའི་ཆ་ལག་ཏུ་དཔལ་སྤུངས་ལྔ་རིག་སློབ་གླིང་ཆེན་མོ་ཞེས་ཐུན་མིན་ནང་དོན་རིག་པ་དང་། ཐུན་མོང་སྒྲ་སྙན་བརྡ་སྤྲོད། བཟོ་གསོ་རྩིས་རིག་སོགས་སློབ་གཉེར་གྱི་བསྟི་གནས་གསར་དུ་བཙུགས་ཏེ་གཞིས་བྱེས་སློབ་ཚོགས་མཁས་དབང་རིམ་ཐོན་གྱིས་བོད་ཁམས་ཡོངས་ལ་རིག་གནས་ཀྱི་ཞབས་འདེགས་རྒྱ་ཆེན་སྒྲུབ་པ་ནས་བཟུང། ༸ཀྭན་ཏིང་ཏཱའི་སི་ཏུ་སྐུ་ཕྲེང་རིམ་བྱོན་གཙོས་ཡབ་སྲས་བརྒྱུད་པར་བཅས་པས་རྒྱུན་འཁྱོངས་གནང་བའི་མཛད་བཟང་མུ་མཐུད་རྒྱུ་དགོས་གལ་ཆེར་གཟིགས་ཀྱིས། ༸བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏཱའི་སི་ཏུ་པདྨ་དོན་ཡོད་གྲུབ་པ་མཆོག་གིས་སྤྱི་ལོ་ ༢༠༡༡ ལོར་འཕགས་ཡུལ་གདན་ས་དཔལ་སྤུངས་ཤེས་རབ་གླིང་དུའང་སྨན་དང་རྩིས། བརྡ་སྤྲོད་སོགས་ཐུན་མོང་རིག་གནས་སློབ་གཉེར་གྱི་བསྟི་གནས་གསར་དུ་བཙུགས་པར་མཛད།
༸བྱམས་མགོན་རྡོ་རྗེ་འཆང་མཆོག་ནས་བོད་ཀྱི་རྩ་ཆེའི་རིག་གནས་མི་ཉམས་རྒྱུན་གནས་ལ་དགོངས་པ་ཆེར་གཟིགས་ཀྱིས་རིས་མེད་ཆོས་སྡེ་ཁག་གི་དགེ་འདུན་པ་རྣམས་སློབ་ཞུགས་ཀྱི་གོ་སྐབས་འབུལ་རྒྱུ་གལ་ཆེའི་བཀའ་སློབ་ལམ་སྟོན་ལྟར་སྤྱི་ལོ་ ༢༠༡༡ ནས་ ༢༠༡༧ བར་སྐབས་དང་པོའི་གསོ་རྩིས་ཆེད་སྦྱོང་སློབ་གཉེར་བ་གྲངས་ ༥༠ སློབ་ཐོན་ཟིན་པ་དང་། སྤྱི་ལོ་ ༢༠༡༧ ནས་ ༢༠༢༣ བར་སྐབས་གཉིས་པའི་གསོ་རྩིས་ཆེད་སྦྱོང་སློབ་གཉེར་བ་གྲངས་ ༣༧ སློབ་ཞུགས་ཀྱིས་སློབ་པ་མཐར་སོན་ལ་ཉེ།
ད་ལམ་སྐབས་གསུམ་པ་ལའང་རིས་སུ་མ་མཆིས་པའི་དགོན་སྡེ་ཁག་གི་དགེ་འདུན་ཞལ་གྲངས་ ༢༥ ལ་གོ་སྐབས་འབུལ་གཏན་འཁེལ་བ་ལགས་ན་རིས་མེད་དགོན་སྡེ་གང་ཞིག་ནས་གཞུང་འབྲེལ་གྱིས་གཏང་བའམ། རང་ཁུངས་དགོན་སྡེའི་ཆོག་མཆན་འོག་དོན་གཉེར་ཆེ་བའི་སྒེར་པ་སུ་ཞིག་ཞུགས་འདོད་ཡོད་པ་རྣམས་ཀྱིས་གཤམ་འཁོད་ཁ་བྱང་ཐོག་འབྲེལ་བ་གནང་རྒྱུ་དང་། གསོ་རྩིས་རིག་པའི་གཞུང་ལུགས་ལ་སློབ་གཉེར་གྱི་རྨང་གཞིའི་མཐུན་རྐྱེན་བརྡ་སྤྲོད་ཚུད་རྒྱུགས་མཐོ་སློབ་ཀྱི་ལམ་ལུགས་གཞིར་བཟུང་གདམ་གསེས་བྱ་རྒྱུ་ཡིན། གལ་ཏེ་ཚུད་རྒྱུགས་ཀྱི་བརྒྱ་ཆ་མ་ལོན་ཚེ་སྐབས་གསུམ་པའི་སློབ་ཁོངས་སུ་ཚུད་ཐབས་མེད།
སློབ་ཞུགས་པའིི་མཚན་ཐོ་ཁ་གསལ་སྤྱི་ལོ་ ༢༠༢༣ ཟླ་ ༧ ཚེས་ ༢༠ སྔོན་ཚུད་ངེས་པར་འདིར་ལས་ཁུངས་སུ་འབྱོར་བ་གནང་དགོས། སློབ་མའི་གྲངས་ཚད་ཀྱི་མཚན་ཐོ་འབྱོར་སྔ་ཕྱིའི་གོ་རིམ་ལྟར་སློབ་ཞུགས་ཆོག་རྒྱུ་དང་། མཚན་ཐོ་དུས་ཐོག་མ་འབྱོར་ཚེ་སྙན་ཞུ་རྩིས་མེད་འགྲོ་རྒྱུ་ཡིན་པ་བཅས་ཐུགས་ལ་འཇོག་གནང་དགོས།
ཚུད་རྒྱུགས་གྲུབ་འབྲས་ལེགས་སོན་ཐོག་སློབ་ཞུགས་ཟིན་རྗེས་དངོས་གཞི་སློབ་སྦྱོང་གི་མཐུན་རྐྱེན་ཆ་ཚང་གདན་སའི་མཐོ་སློབ་ནས་སྔར་རྒྱུན་ལྟར་འབུལ་རྒྱུ་དང་། སློབ་མ་རང་ངོས་ནས་ཆ་རྐྱེན་གང་དགོས་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་དང་བཅའ་ཁྲིམས་སོགས་མཁྱེན་པར་འདོད་ཚེ་གཤམ་འཁོད་འགན་འཛིན་རྣམ་པའི་ཁ་བྱང་ཐོག་འབྲེལ་བ་གནང་རོགས་ཞུ།

དཔལ་སྤུངས་རིག་གནས་མཐོ་སློབ་དོན་གཉིས་ནོར་བའི་དགའ་ཚལ་གྱི་ཡིག་ཚང་ནས།
སྤྱི་ལོ་ ༢༠༢༣ ཟླ་ ༦ ཚེས་ ༡༠ ཉིན།

སློབ་སྤྱི་གཞོན་པ། སྨན་དགེ་སྐྱིད་ལུས། +91(0) 8219664164
ཡིག་ཚང་གི་ལས་དྲུང་། ཡེ་ཤེས་དབང་མོ། +91(0) 8580501985
མྱུར་འཕྲིན་ཁ་བྱང་། E-mail:- palpungpubs@gmail.com

༄༅།  །གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་རིག་གནས་མཐོ་སློབ་དོན་གཉིས་ནོར་བུའི་དགའ་ཚལ་གྱི་སྐབས་གསུམ་པའི་སྨན་རྩིས་བསྡུས་ར་བ་དང་དཀའ་བཅུ་པའི་སློབ་མ་གསར་བསྡུའི་འགེངས་ཤོག་དང་སྒྲིག་གཞི་བཅས་གཤམ་གསལ།

དང་པོ།   སློབ་ཞུགས་པར་དགོས་ངེས་ཀྱི་ཆ་རྐྱེན་དང་བརྩི་སྲུང་ཞུ་རྒྱུའི་སྒྲིག་གཞིའི་སྐོར་མདོར་བསྡུས།

༡)       དགེ་འདུན་པ།  རང་ལོ། ༡༥-༣༥ ལོན་པ་གང་ཞིག་ཆོས་རྒྱུད་རིས་མེད།
༢)    རང་ངོས་ནས་སྨན་རྩིས་གཞུང་ལུགས་ལ་སློབ་སྦྱོངས་མཐར་ཕྱིན་གནང་རྒྱུའི་འདུན་པ་གཏན་པོ་ཡོད་པའི་ཐོག་སློབ་གཞིའི་ཡིག་ཆ་ཐམས་ཅད་བོད་ཡིག་ཡིན་པས་བོད་ཀྱི་སྐད་ཡིག་གི་རྨང་གཞི་འདངས་ངེས་དགོས།
༣)      གདན་དཔལ་སྤུངས་ཤེས་རབ་གླིང་གི་བཅའ་ཁྲིམས་ཆེན་མོ་དང་རིག་གནས་མཐོ་སློབ་ཀྱི་དམིགས་བསལ་སྒྲིག་གཞི་ཁག་ངེས་པར་བརྩི་སྲུང་ཞུ་རྒྱུའི་ཁས་ལེན་དགོས།
༤)      གསོ་རིག་དང་རྩིས་རིག་བསྡུས་ར་བར་སློབ་ཚན་སྒྲིག་གཞི་ལྟར་སློབ་སྦྱོང་མཐར་བསྐྱེལ་བྱ་རྒྱུའི་འདུན་པ་གཏན་པོར་དགོས། 
༥)      གསོ་རིག་དང་རྩིས་རིག་དཀའ་བཅུ་པའི་སློབ་ཚན་སྒྲིག་གཞི་ལྟར་སྔོན་འགྲོ་དང་དངོས་གཞིའི་སློབ་སྦྱོང་། ཉམས་གསོག་དང་བསྙེན་མཚམས་བཅས་སློབ་ལོ་བརྒྱད་མཐར་བསྐྱེལ་བྱ་རྒྱུའི་འདུན་པ་གཏན་པོར་དགོས། 
༦)      གཤམ་གྱི་སྙན་ཞུའི་འགེངས་ཤོག་ཆད་མེད་བཀང་ནས་རྒྱབ་གཉེར་ཡིག་ཆ་མཉམ་སྦྱར་གྱིས་འདི་ག་མཐོ་སློབ་ལས་ཁུངས་སུ་འབུལ་དགོས།
༧)      རིས་མེད་དགོན་སྡེ་ཁག་ནས་ཕེབས་མཁན་རྣམ་པས་དགོན་སྡེ་སོ་སོའི་དགག་བྱ་མེད་པའི་རྒྱབ་གཉེར་ཡིག་གེ་ངེས་པར་དགོས།  
༨)      འབྲེལ་ཡོད་མི་སྣ་འགན་ཁུར་ཐུབ་ངེས་གཅིག་གིས་ཁག་ཁུའི་བདེན་དཔང་དགོས།

གཉིས་པ།  རང་ཉིད་ཀྱི་ཡིག་ཆ་མཉམ་སྦྱར་དགོས་པ་ཁག Attach documents. 

༡)      གནས་ཡུལ་རྒྱལ་ཁབ་ཀྱི་ངོས་འཛིན་བྱང་བུ་( Aadhar Card དང་ ID རྒྱབ་མདུན་གྱི་འདྲ་བཤུས་དགོས།
༢)      ཁྲིམས་མཐུན་སྨན་ཁང་ཚད་ལྡན་སྨན་པས་ནད་གཅོང་མིན་པའི་རྟག་འབྲས་དང་འཕྲོད་བསྟེན་གྱི་རྒྱབ་གཉེར་ཡིག་གེ་དགོས།
༣)     དགོན་པ་དང་ཚོགས་སྐྱིད་གང་ཡིན་ནས་ངོས་སྦྱོར་གྱི་རྒྱབ་གཉེར་ཡིག་གེ་དགོས།
༤)     བོད་རིགས་ཡིན་ཚེ་རྒྱ་གར་དུ་གནས་སྡོད་ཆོག་པའི་ (RC) འདྲ་བཤུས་དགོས།
༥)      དེ་སྔོན་གཞུང་ལུགས་ཁག་བསླབས་པའི་གྲུབ་འབྲས་ཐོབ་ཁྲ་དང་ལག་འཁྱེར་གྱི་འདྲ་བཤུས་དགོས།

གསུམ་པ།   ཚུད་རྒྱུགས་སྒྲོམ་གཞི། Examinations.

༡)      བྲིས་རྒྱུགས།  སྨན་རྩིས་དཀའ་བཅུ་པར་བོད་ཀྱི་བརྡ་སྤྲོད་རིག་གནས་གཞི་རིམ་གྱི་འཛིན་གྲྭ་༡༢ ཀྱི་གནས་ཚད་མཉམ་པར་གཏོང་རྒྱུ།
༢)      བྲིས་རྒྱུགས།  སྨན་རྩིས་བསྡུས་ར་བར་བོད་ཀྱི་བརྡ་སྤྲོད་རིག་གནས་གཞི་རིམ་འཛིན་གྲྭ་ ༡༠ པའི་གནས་ཚད་དང་མཉམ་པར་གཏོང་རྒྱུ།
༣)     བཅར་འདྲི།  མཐོ་སློབ་དང་གདན་ས་སྤྱི་ཡི་ཡིག་རྒྱུགས་ཚོགས་ཆུང་ནས་དུས་བསྟུན་གྱིས་གནང་རྒྱུ།
༤)     ངག་རྒྱུགས།  ཡིག་རྒྱུགས་དུས་ཚོད་དེར་ཉིན་ལྔ་སྔོན་ལ་རྒྱུགས་གཞི་གཏན་འཁེལ་བྱས་ནས་སློབ་མ་ཚོར་ཕུལ་རྗེས་རྒྱུགས་ལེན་བྱ་རྒྱུ།
༥)      བྲིས་རྒྱུགས་དང་བཅར་འདྲི།  ངག་རྒྱུགས་གསུམ་གྱི་གྲུབ་འབྲས་གོ་རིམ་བཟུང་སྟེ་སློབ་མའི་ཚད་གཞི་མཚན་ཐོ་སྙན་ཞུ་འབྱོར་རིམ་ལྟར་འདེམས་བསྒྲུགས་བྱ་རྒྱུ་ཡིན།
༦)      འདེམས་ཐོན་བྱུང་བའི་སློབ་མ་རྣམས་ལ་འདི་གའི་ཡིག་ཚང་ནས་དྲྭ་རྒྱ་དང་ཞལ་པར་བརྒྱུད་བརྡ་ཐོ་གཏོང་གནང་རྒྱུ།

བཞི་པ།   སྙན་འབུལ་ཞུ་དུས་དང་རྒྱུགས་ལེན་དུས་ཚོད།  Date of Application & Examinations.

༡)      ཡེ་ལོ་ ༢༠༢༣ ཟླ་བ་ ༧ ཚེས་ ༢༣ ཉིན་འདི་ག་གདན་སར་འབྱོར་དགོས་པ་དང་།  
༢)       ཡེ་ལོ་ ༢༠༢༣ ཟླ་བ་ ༨ ཚེས་ ༧ ནས་རྒྱུགས་ལེན་བྱ་རྒྱུ་ཡིན།

ལྔ་པ།  མཐུན་རྐྱེན།  Facilities.

༡)      ཡིག་རྒྱུགས་སྐབས་བཞུགས་གནས་དང་ཞལ་ལག་བཅས་གདན་ས་ནས་གོ་སྒྲིག་ཡོད།
༢)      འདེམས་ཐོན་བྱུང་བའི་སློབ་མ་རྣམས་བཞུགས་གནས་དང་ཞལ་ལག་བཅས་གདན་སའི་དགེ་འདུན་སྤྱི་མཚུངས་ལྟར་མཐུན་རྐྱེན་འབུལ་རྒྱུ་ཡིན། མཐོ་སློབ་ཀྱི་སྒྲིག་ཁོངས་སུ་ཞུགས་རྗེས་གདན་ས་སྤྱི་དང་བྱེ་བྲག་གི་སྒྲིག་ལམ་སྲུང་བརྩི་དང་བསྟན་དོན་དུ་ལས་ཀའི་ཆ་ཤས་ལེན་རྒྱུ་སོགས་གདན་སའི་དགེ་འདུན་སྤྱི་མཚུངས་ལྟར་གནང་དགོས།

འགེངས་ཤོག་ཕབ་ལེན།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||