༧གོང་ས་མཆོག་གི་སྐུ་པར་བཤམས་པའི་ཉེས་མིང་འོག་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་འདུག 

བཙན་བྱོལ་ནང་གི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ཆར་བོད་ནང་༧གོང་ས་མཆོག་གི་སྐུ་པར་བཤམས་པའི་ཉེས་མིང་འོག་བོད་མི་ཁག་ཅིག་འཛིན་བཟུང་བྱས་ཡོད་པ་རེད་འདུག 

དེ་ཡང་ཉེ་ཆར་ཟླ་སྔོན་མའི་ནང་དཀར་མཛེས་རྫོང་གི་ཉེན་རྟོག་པ་ཁག་གཅིག་གློ་བུར་དུ་བོད་མི་རང་ལོ་༦༠ ཙམ་ཡིན་པ་ཞིག་གི་ཁྱིམ་དུ་བསླེབས་ཏེ། ཁོང་གི་ཁྱིམ་དུ་༸གོང་ས་མཆོག་གི་སྐུ་པར་ཆེན་པོ་ཞིག་བཤམས་ཡོད་པ་དེ་བཙན་འཁྱེར་བྱས་ཡོད་པ་མ་ཟད། ཁོང་ཡང་འཛིན་བཟུང་བྱས་ཏེ་རྫོང་ཉེན་རྟོག་ཁང་དུ་འཁྲིད་ཡོད་འདུག དང་ཐོག་བཙན་ཁྲིད་བྱེད་སྐབས་ཁོང་བདེ་པོ་ཐང་པོ་ཡོད་ཀྱང་། བཀག་ཉར་ཁང་དུ་ཁོང་ལ་ཉེས་མེད་ཉེས་འཛུགས་ཀྱིས་གཅར་རྡུང་དྲག་པོ་བཏང་བར་བརྟེན། བར་ལམ་ནས་སྨན་ཁང་དུ་འཁྲིད་དགོས་བྱུང་འདུག་ཀྱང་། ནད་མནར་ཅི་བྱུང་གི་གནས་ཚུལ་གང་ཡང་ཁྱིམ་མི་ཚོར་འགྲེལ་བརྗོད་བྱས་མི་འདུག་ལ། སྨན་ཁང་དུ་བསྟན་རྗེས་ཕྱིར་ཉེན་རྟོག་ཁང་དུ་ཁྲིད་ཡོད་ཀྱང་དེ་ནས་བཟུང་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག 

དེ་བཞིན་ཟླ་༦ པའི་ཚེས་༢༣ ཉིན་འཛུམ་དཀར་ཞེས་པ་ཞིག་གིས་རང་ཁྱིམ་དུ་མཆོད་ཁང་ཆེན་པོ་བཟོས་ཏེ་དེའི་ནང་དུ་༧གོང་ས་མཆོག་གི་སྐུ་པར་བཤམས་ཡོད་ལུགས་ཀྱི་ཉེས་མིང་འོག་རང་ཁྱིམ་ནས་འཛིན་བཟུང་བྱས་ཡོད་པ་དང་། ཚེས་ ༢༨ ཉིན་ནག་ཆུ་ཨ་མདོ་རྫོང་ནས་ལྷ་སར་བཙན་འཁྲིད་བྱས་ཡོད་འདུག རང་ལོ་ ༢༧ ཡིན་པའི་བུད་མེད་འཛུམ་དཀར་ནི་ནག་ཆུ་ས་ཁུལ་ཨ་མདོ་རྫོང་རྩ་རིང་གྲོང་རྡལ་རང་ནས་ཡིན་འདུག་པ་དང་། ཟླ་༧ པའི་ཚེས་༡༡ ཉིན་ཞོགས་པ་ཐོ་རེངས་ཙམ་ལ། འཛུམ་དཀར་གྱི་གཅུང་མོ་གཡུ་སྒྲོན་འཛིན་བཟུང་བྱས་ཏེ། ལྷ་སའི་བཀག་ཉར་ཁང་ཞིག་ཏུ་བཙན་ཁྲིད་བྱས་ཡོད་འདུག འཛུམ་དཀར་བཙན་འཁྲིད་བྱས་ནས་ཉིན་གྲངས་ ༢༠ ལྷག་འགྲོ་ཡི་ཡོད་ནའང་། ཁོང་སྤུན་གཉིས་ཀྱི་གནས་ཚུལ་ཁ་གསལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག 

རྒྱ་ནག་གཞུང་གིས་ད་ལྟའི་ཆར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ཁུལ་ཡོངས་སུ་ཞིབ་བཤེར་དམ་དྲགས་དང་། ལྷག་པར་དུ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་འབྲེལ་ལྷ་ས་ཁུལ་དུ་རྒྱལ་ཁབ་བདེ་འཇགས་ལ་ཁྲིམས་འགལ་བྱེད་མཁན་ཚོ་རྩིས་སྤྲོད་བྱས་པ་ཡིན་ན་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་ཁར། བོད་ཀྱི་ས་ཁུལ་མང་པོའི་ནང་ཞིབ་བཤེར་ས་ཚིགས་བཟོས་ཏེ་ཁ་པར་སྔོག་བཤེར་རིགས་ཀྱི་ལས་འགུལ་འདྲ་མིན་སྤེལ་མུས་ཡིན་པ་རེད་འདུག 

དེ་ཡང་ལྷ་ས་གྲོང་ཁྱེར་ཉེན་རྟོག་ལས་ཁང་གིས་ཟླ་༧ ཚེས་ ༤ ཉིན་མོར་སྤེལ་བའི་གསལ་བསྒྲགས་ནང་། རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱེལ་གཞིའི་ལས་དོན་སྤེལ་མཁན་རྣམས་རྩིས་སྤྲོད་བྱས་ཚེ། རྒྱ་སྒོར་ ༣༠༠༠ ནས་ ༣༠༠,༠༠༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་པར་བཀོད་ཡོད་འདུག

གསལ་བསྒྲགས་ནང་འཁོད་པའི་དོན་ཚན་བཅུ་གཉིས་ཁྲོད་དོན་ཚན་བརྒྱད་ནི་ཐད་ཀར་བོད་མི་དང་འབྲེལ་བ་ཡོད་པ་ཞིག་ཡིན་འདུག་ལ། དེ་དག་ནི་ཕྱི་ཕྱོགས་ཀྱི་ཚོགས་སྒེར་སོགས་དང་འབྲེལ་བ་བྱེད་པ་དང་། དེ་བཞིན་རྒྱལ་དར་གྱོན་པ་སོགས་བྱས་ཚེ་ཁྲིམས་འགལ་ལ་ངོས་འཛིན་བྱ་རྒྱུ་ཡིན་པ་འཁོད་འདུག ལྷག་པར་དོན་ཚན་བདུན་པ་མཚོན་ན། དྲ་ཐོག་བརྒྱུད་བོད་རང་བཙན་དང་འབྲེལ་ལས་དོན་སྤེལ་བ་དང་རང་གི་བསམ་ཚུལ་རྣམས་ཡིག་ངག་གཉིས་ཀྱི་ཐོག་ནས་འདོན་རྒྱུ་སོགས་བྱས་ཚེ་ཁྲིམས་འགལ་དུ་ངོས་འཛིན་བྱ་རྒྱུ་ཡིན་པ་སོགས་གསལ་བཀོད་བྱས་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||