ཁ་ཏོན་ཁོ་ནས་ཀྱང་བོད་ཡིག་གི་རྩོམ་འབྲི་ལ་ཐོགས་པ་མེད་པ་ཞིག་ཆགས་ཐུབ་སྲིད།

ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་དགེ་འོས་དགེ་རྒན་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུས་པ།

དྲི་བ། ཐོག་མར་ཁྱེད་ཀྱིས་རང་ཉིད་ཀྱི་ངོ་སྤྲོད་མདོར་བསྡུས་ཤིག་གནང་ན་ཆོག་གམ།

ལན། ཐོག་མའི་ཆར་རྣམ་པ་ཚོར་འཚམ་འདྲི་ཞུ། གུས་པ་རང་ཉིད་བོད་དུ་སྐྱེས་ཤིང་ལོ་རབས་དགུ་བཅུའི་མཇུག་ཙམ་ལ་བཙན་བྱོལ་དུ་ཡོང་ནས་བལ་ཡུལ་དུ་ལོ་ཤས་བསྡད་མྱོང་། དེ་རྗེས་རྒྱ་གར་ལ་ཡོང་སྟེ་ཐེག་མཆོག་རྣམ་གྲོལ་གླིང་གི་བཤད་གྲྭ་ནས་སློབ་སྦྱོང་བྱས་ཏེ་འཛིན་གྲྭ་མཐར་ཕྱིན། ད་ལྟ་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཆེན་གྱི་དགེ་འོས་སྡེ་ཚན་ནང་བོད་ཡིག་དགེ་རྒན་གྱི་ལས་ཀ་བྱེད་བཞིན་ཡོད། 

དྲི་བ། དེང་སང་བྷོ་ཊི་དང་བོད་ཡིག་གཉིས་ལས་འཕྲོས་ཏེ་སྐད་ཡིག་དང་རིག་གཞུང་གི་བདག་དབང་ཐད་བསམ་ཚུལ་མི་འདྲ་བ་མང་པོ་ཡོང་གི་འདུགདེའི་ཐད་ཁྱེད་ལ་བསམ་ཚུལ་ག་རེ་ཡོད། 

ལན། ངས་སྤྱིའི་ཆ་ནས་རྩོད་གླེང་འདི་ལ་དོ་སྣང་ཅང་སྤྲད་མེད་ཙང་ཞིབ་ཚགས་པོ་ཤེས་ཀྱིན་མེད། ཡིན་ནའང་གོ་ཚོད་ཐོས་ཚོད་གཞིར་བཟུང་ནས་ལན་ཞིག་འདེབས་མི་ཆོག་པ་མི་འདུག དྲི་བ་འདི་ལ་དྲི་བ་འགས་འགོ་བསླངས་ཏེ་ལན་འདེབས་ཐབས་བྱས་ན་འགྲིག་ས་རེད། ཉེ་བའི་ལོ་ཤས་ནང་ཧི་མཱ་ལ་ཡའི་ས་ཁུལ་ཁག་ནས་བོད་ཀྱི་སྐད་ཡིག་ལ་དོ་སྣང་གི་ཚ་རླབས་ཤིག་གློ་བུར་དུ་འཕྱུར་བ་རེད། ལོ་ཉི་ཤུ་ཙམ་གྱི་སྔོན་དུ་མི་རིགས་འདི་དག་གིས་རང་གི་སྐད་ཡིག་རིག་གཞུང་སོགས་ཧ་ལམ་ངོ་ཤེས་མིན་གྱི་མཚམས་ན་ཡོད། དེ་དུས་བྷོ་ཊི་ལབ་ཉེས་ཆེ་སོང་ཟེར་མཁན་ཚོར་དཀའ་ངལ་གང་ཡང་བྱུང་ཡོད་ཚོད་མི་འདུག མ་མཐར་ཡང་ད་ལྟ་ནང་བཞིན་འུར་སློང་མཁན་སུ་ཡང་བྱུང་ཡོད་པ་མ་རེད། འོ་ན་ཧི་མཱ་ལ་ཡའི་མི་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་འདི་བརྗེད་བཏང་ན་དཀའ་ངལ་མི་འདུག་སྟེ། འདི་ལ་བྷོ་ཊིའི་མིང་བཏགས་ན་ད་གཟོད་དཀའ་ངལ་འདུག་ཟེར་བ་ཡིན་ནམ། ? འདྲི་སྟངས་གཞན་ཞིག་བྱས་ན། བོད་ཀྱི་སྐད་ཡིག་ལ་མིང་གཞན་ཞིག་གི་ལམ་ནས་བདག་པོ་བརྒྱབ་པ་དེ། སྐད་ཡིག་འདི་བརྗེད་བཏང་བ་ལས་འཚབ་ཆེ་བ་ཡིན་ཟེར་བ་ཡིན་ནམ། ? ཡང་དྲི་བ་གཞན་ཞིག་བཏང་ན། བྷོ་ཊ་དང་བྷོ་ཊི་ཟེར་བ་འདི་ཚོ་བོད་དང་བོད་ཀྱི་ཁྱད་ནོར་ལ་མི་གོ་བ་ཞིག་ག་དུས་ཆགས་སོང་བ་རེད། ? ངས་ཀ་ངོ་ར་ངོ་ཆོད་ཙམ་ནས་བཟུང་། བྷོ་ཊའི་ལྗོངས་དང་སཾ་བྷོ་ཊ་དང་བྷོ་ཊའི་རིག་གནས་སོགས་ཡོད་ཚད་བོད་དང་བོད་ཀྱི་མི་དང་ཁྱད་ནོར་སོགས་ལ་གོ་བ་མ་གཏོགས། དེ་མིན་པའི་གོ་སྟངས་གཞན་ཞིག་ཡོད་པ་ནི་ད་བར་མ་ཤེས། བྷོ་ཊི་ལབ་ན་རྒྱ་གར་གྱི་འབོད་སྟངས་རེད། Tibetanལབ་ན་ནུབ་མི་ཚོའི་འབོད་སྟངས་རེད། བོད་ཀྱི་སྐད་ཡིག་ལབ་ན་བོད་མི་རྣམས་ཀྱི་འབོད་སྟངས་རེད། འོ་ན་བོད་ཀྱི་སྐད་ཡིག་ལབ་ནའང་མི་འགྲིག་པ་རེད་དམ། རིགས་ལམ་འདི་གཞིར་བཟུང་ན་མི་འགྲིག་དགོས་ཚོད་རེད། ཡིན་ནའང་གོང་གི་འདི་དག་སྐད་བརྡའི་ཁྱབ་ཁོངས་ཀྱི་སྐད་ཆ་རེད། དོན་དངོས་སུ་བགྲོ་གླེང་འདི་སྐད་བརྡའི་གོ་ལུགས་དང་འབྲེལ་བ་ཞིག་མ་ཡིན་པར་ཆབ་སྲིད་ཀྱི་རང་བཞིན་ཞིག་ཡིན་པ་འདྲ། དེ་བས་སྐད་ཡིག་འདི་ལ་བྷོ་ཊི་ཞེས་བྱུང་རྒྱལ་དུ་མིང་བསྒྱུར་བྱས་པ་ཡིན་དང་། ཡང་ན་བྷོ་ཊི་ཞེས་མིང་བསྒྱུར་བྱེད་དགོས་ཐུག་སོང་བ་གང་ཡིན་ཡང་བསམ་གཞིགས་བྱེད་དགོས་པའི་དྲི་བ་རེད། སྐད་ཡིག་འདི་ལ་བྷོ་ཊི་ལབ་ཉེས་ཆེ་སོང་ཟེར་མཁན་ཚོས། ད་ལྟའི་བོད་ཀྱི་ཆབ་སྲིད་ས་ཁམས་ཁྱབ་ཁོངས་ཀྱི་སྐད་ཡིག་འདི་རང་ལ་དམིགས་ནས་ལབ་ཀྱིན་ཡོད་ལ། བྷོ་ཊི་རུ་འབོད་མཁན་ཚོས་ཀྱང་ད་ཡོད་བོད་ཀྱི་ཆབ་སྲིད་ས་ཁམས་ཁྱབ་ཁོངས་ཀྱི་སྐད་ཡིག་འདི་དང་ལེན་བྱེད་འདོད་མེད་པ་རེད། དེས་ན་འདི་ཆབ་སྲིད་རང་བཞིན་གྱི་གནད་དོན་ཞིག་རེད་འདུག རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ལས། རང་རྐྱ་ཐུབ་པའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་མ་རེད། རྒྱ་གར་གྱི་མངའ་ཁོངས་ན་ཡོད་པའི་ཧི་མཱ་ལ་ཡའི་མི་རིགས་ཚོས། ཁོ་ཚོའི་སྐད་ཡིག་རིག་གཞུང་གི་ངོས་འཛིན(Identity)དེ་ཆབ་སྲིད་ས་ཁམས་ཀྱི་ངོས་ནས་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་ཡུལ་གྲུ་ཞིག་ལ་གཏུགས་འདོད་མེད་པ་རེད། དེ་གཏུགས་སོང་ན། རྒྱ་གར་ནང་སྐད་ཡིག་འདི་ལ་འཐོབ་འོས་པའི་ཐོབ་ཐབ་མང་པོ་ཞིག་ཐོབ་མིན་གྱི་དཀའ་ངལ་ཡོད་སྲིད་ལ། གཅིག་བྱས་ན། ལ་དྭགས་སོགས་ནས་བྷོ་ཊི་ཞེས་ནན་བཤད་བྱེད་དོན་ད་ལྟའི་རྒྱ་གར་སྲིད་གཞུང་གི་ལམ་སྟོན་མིན་པའི་ངེས་པའང་ག་ལ་ཡོད། ཡུལ་ཆུ་བཏུངས་ན་ཡུལ་ཁྲིམས་སྲུང་དགོས་པའི་ལུགས་ལྟར། ང་ཚོ་བཙན་བྱོལ་ནང་གི་གནད་ཡོད་མི་སྣ་ཚོས་ཀྱང་། རྒྱ་གར་གྱི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་བསྟུན་ནས་སྐད་ཆ་མང་པོ་བཤད་དགོས་ཐུག་གིན་ཡོད་རེད། འོ་ན་ཧི་མཱ་ལ་ཡའི་མི་ཚོར་དཀའ་ངལ་དེ་འདྲ་མེད་ངེས་པའི་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད། 

     ང་རང་སྒེར་གྱི་བསམ་ཚུལ་ལ། བྷོ་ཊི་ཞེས་ལབ་ན་སྐད་ཡིག་གི་བདག་དབང་ཕྲོགས་སོང་བའམ། དེ་འདྲའི་འཚབ་ཆེན་རང་བཞིན་གྱི་གནད་དོན་ཞིག་ཏུ་མཐོང་གིན་མི་འདུག དཔེར་ན་ད་ལྟའི་རྒྱ་གར་དང་པཱཀིསྟཱན་ཐུན་མོང་གིས་སྤྱོད་པའི་སྐད་འདི་ལ། རྒྱ་གར་ནང་ཧིནྡཱི་རུ་འབོད་པ་དང་། པཱཀིསྟཱན་ནང་ཨུརྡུ་ཞེས་འབོད་ཀྱིན་ཡོད། དོན་དུ་ཨུརྡུ་དང་ཧིནྡཱི་འདྲེས་མ་ཞིག་རེད། དེར་རྒྱ་གར་དང་པཱཀིསྟཱན་སུས་ཀྱང་སྐད་ཀྱི་བདག་དབང་ཕྲོགས་རབས་བཤད་དེ་རྩོད་པ་བརྒྱབས་རབས་མེད་ལ། སྐད་ཀྱི་བདག་དབང་གང་ཞིག་ཤོར་སོང་བའི་གནས་སྟངས་དེ་འདྲའང་མཐོང་དུ་མེད། དེ་བཞིན་དུ། དེ་ཝ་ནཱ་ག་རཱིའི་ཡིག་གཟུགས་འདི་རྒྱ་གར་དང་བལ་པོ་ཐུན་མོང་གིས་སྤྱོད་པ་རེད་དེ། བལ་ཡུལ་ནང་ནེ་པཱ་ལཱིའི་ཡིག་གེ་རུ་འབོད་ཅིང་། རྒྱ་གར་ནང་ཧིནྡཱི་རུ་འབོད། རྒྱ་བལ་སུས་ཀྱང་ཡིག་གཟུགས་ཀྱི་བདག་དབང་ཕྲོགས་སོང་ཟེར་ནས་རྙོག་གྲ་བཤད་མྱོང་མེད་ལ། ཡིག་གཟུགས་ཀྱི་བདག་དབང་གང་ཞིག་ཤོར་སོང་བའི་གནས་སྟངས་ཀྱང་མེད། སྐད་ཡིག་དང་ཆོས་ལུགས་ཟེར་བ་འདི་ཚོ་རྒྱལ་ཁབ་ཀྱི་རྒྱུ་ནོར་མ་རེད། རིག་གཞུང་གི་རྒྱུ་ནོར་རེད། རིག་གཞུང་གི་རྒྱུ་ནོར་ནི་རྒྱལ་ཁབ་ཀྱི་ས་མཚམས་ལས་བརྒལ་ཏེ་རིག་གཞུང་གཅིག་པ་ཚང་མ་ལ་དབང་བར་མ་ཟད། གནས་བབ་ལ་དཔགས་ཏེ་མིང་མི་འདྲ་བ་བཏགས་མི་ཆོག་པའང་ག་ལ་ཡོད། རྨང་གཞི་བོད་ཀྱི་ཡིག་གཟུགས་ལ་མོན་ཁམས་ཀྱི་ཁྱད་ཆོས་ཕྲན་བུ་ཐོན་པའི་ཡིག་གཟུགས་དེར“འབྲུག་གི་ལྷོ་ཡིག”ཅེས་བོད་རང་གི་མཁས་པ་ཚོས་སྤྱོད་ཀྱིན་ཡོད། དེ་དུས་སུ་གང་ལ་བོད་ཀྱི་ཡིག་གཟུགས་ཀྱི་བདག་དབང་ཕྲོགས་པའི་ཚོར་སྣང་བྱུང་མེད། འོ་ན་རྩ་བ་བོད་ཀྱི་སྐད་ཡིན་ལ། ཧི་མཱ་ལ་ཡའི་ཡུལ་གྲུ་སོ་སོའི་ཁྱད་ཆོས་གང་འཚམས་ཐོན་པ་དེ་ཚོ་ལ་བྷོ་ཊི་ལབ་སོང་ན་གནམ་རྡིབ་འགྲོ་བའི་གནས་ཚུལ་དེ་འདྲ་ཡོང་དོན་ཅི་ལ་ཡོད། བསྡོམས་ནས་བཤད་ན། ཁམས་སྐད། ཨམ་སྐད། དབུས་སྐད་ལབ་ན་བོད་སྐད་མིན་པ་ཆགས་མི་འགྲོ་བ་ལྟར། བྷོ་ཊི་ལབ་ན་བོད་ཀྱི་སྐད་ཡིག་མིན་པ་ཆགས་འགྲོ་དོན་མེད་སྙམ། དོན་དག་ཡང་སྙིང་ང་ཚོ་ལ་རྩོད་རྒྱུ་དང་འཐབ་རྒྱུ་ཧ་ཅང་མང་པོ་བསྡད་ཡོད། འོན་ཀྱང་ང་ཚོའི་འཐབ་ས་རྩོད་ས་དེ་ཧི་མཱ་ལ་ཡའི་ས་ཁུལ་གྱི་མི་འདི་དག་མ་རེད། གནས་ཚུལ་ཆུང་ཙག་རེ་ཐོན་པ་དང་ལམ་སེང་འཐབ་རྩོད་བྱེད་ས་ཞིག་ལ་ཁ་གཡར་ནས་འུར་རྐྱང་བྱེད་པ་འདི་ལེགས་པོ་ཞིག་ཨེ་ཡིན། བོད་དང་ཧི་མཱ་ལ་ཡའི་མི་རིགས་འདི་དག་ནི་ཕ་མ་གཅིག་པའི་བུ་ཕྲུག་ལྟར། མི་འདོད་ཀྱང་ཁ་བྲལ་རྒྱུའི་གདམ་ག་མེད་པའི་མི་སྡེ་ཞིག་རེད། མ་མཐར་ཡང་ད་ལྟའི་གནས་སྟངས་འདི་འདྲ་ཞིག་རེད། གདམ་ག་གཅིག་ལས་མེད་པའི་གནས་སྟངས་འདི་འདྲའི་འོག་ནས་ནང་རྩོད་ཤ་སྟག་བྱས་ནས་སྡོད་པ་ལས། ཕྱོགས་གཉིས་ཀས་གུ་ཡངས་དང་བསམ་ཤེས་ཕྲན་བུ་རེ་བྱས་ཏེ་མཐུན་པའི་ཕྱོགས་སུ་བསམ་བློ་ཤུགས་ཆེ་ཙམ་བཏང་ན་མི་ལེགས་སམ།

དྲི་བ། བོད་ཀྱི་སྐད་ཡིག་ནི་ཉིན་ཞིག་ཉམས་རྒྱུ་ཡིན་པས་དེས་སྐྱོན་ཆེན་པོ་ཡོང་གི་མ་རེད།ད་ཆར་སྐད་ཡིག་ཉམས་པའི་རྒྱལ་ཁབ་མང་དག་གཅིག་འཚོ་བཞིན་ཡོད་རེད་ཟེར་མཁན་རིགས་གཅིག་དང་།ཡང་བོད་ཡིག་ནི་བོད་པའི་ངོ་བོ་མཚོན་བྱེད་དང་བོད་ཀྱི་རིག་གཞུང་གི་རྟེན་ས་ལྟ་བུ་ཡིན་པས།བོད་ཡིག་རྩ་མེད་ཕྱིན་ན་བོད་ཀྱི་ངོ་བོ་བརླག་འགྲོ་བ་དང་བོད་ཀྱི་རིག་གཞུང་ཡང་རྩ་མེད་དུ་ཆགས་ཀྱི་རེད་ཟེར་མཁན་བཅས་རིགས་གཉིས་འདུག་པས།ཁྱེད་ཀྱིས་གང་བདེན་ཤས་ཆེ་བ་མཐོང་གི་འདུག

ལན། ལོ་རྒྱུས་ཟེར་བ་འདི་གཏན་ནས་ཚོད་དཔག་ཐིགས་ཐབས་མེད་པ་ཞིག་རེད། དེ་བས་བོད་ཀྱི་སྐད་ཡིག་འདི་ཉིན་ཞིག་ཉམས་ངེས་ཅན་ཡིན་པའི་ཚོད་དཔག་དེ་ཧ་ཅང་ཐལ་དྲགས་པ་རེད་སྙམ། དཔེར་ན་དེ་རིང་གི་རྒྱལ་སྤྱིའི་གནད་དོན་དཔེ་ལ་བཞག་ནས་བཤད་ན། ཡུཀ་རེན་དང་ཨུ་རུ་སུའི་དམག་འཁྲུག་མ་བྱུང་སྔོན་ལ་འཛམ་གླིང་གི་མི་ཚང་མས་ཡུཀ་རེན་ནི་གཟའ་འཁོར་གཅིག་ཙམ་ནང་ཨུ་རུ་སུས་ཁྱུར་མིད་གཏོང་ངེས་པའི་ཚོད་དཔག་བྱས་ཡོད། འོན་ཀྱང་གཟའ་འཁོར་ཕར་ཞོག་ལོ་འཁོར་འགོར་ཚར་རེད་དེ། གནས་ཚུལ་ནི་རྦད་དེ་ཚོད་དཔག་གི་ལྡོག་ཕྱོགས་ན་ཡོད། ཞིབ་ཏུ་བསམས་ན་ཚོད་དཔག་དེ་ག་རང་དེ་རིང་མཇུག་འབྲས་འདིའི་རྒྱུ་རྐྱེན་ཆགས་ཡོད་སྲིད་སྙམ། གལ་ཏེ་ནེ་ཊོ་མཐུན་ཚོགས(NATO)ཀྱི་རྒྱལ་ཁབ་དེ་ཚོས། ཡུཀ་རེན་གྱིས་ཨུ་རུ་སུ་ལ་འགོག་རྒོལ་ངེས་ཅན་བྱེད་ཐུབ་པའི་ཚོད་དཔག་བྱས་ནས་བསྡད་ཡོད་ཚེ། ཁོ་ཚོས་ཡུཀ་རེན་ལ་གོ་མཚོན་དང་དཔལ་འབྱོར་གྱི་རོགས་རམ་ཛ་དྲག་པོ་འདི་འདྲ་བྱས་མེད་ངེས་ལ། དེའི་མཇུག་འབྲས་སུ་དེ་རིང་ཨུ་རུ་སུས་ཡུཀ་རེན་དངོས་གནས་ཁྱུར་མིད་བཏང་ཚར་ཡོད་ན་ཅི་ཤེས། འདིས་ཚོད་དཔག་ཁོ་རང་ཚོད་དཔག་གི་ལྡོག་ཕྱོགས་སུ་འགྲོ་བའི་རྒྱུ་རྐྱེན་མིན་པའི་ངེས་པ་མེད་པ་སྟོན་གྱིན་མི་འདུག་གམ། ཉེ་བའི་ལོ་ཤས་ནང་བྱུང་བའི་ཏོག་དབྱིབས་ན་ཚ་གཅིག་པུས་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་ཁ་ཕྱོགས་གང་དུ་བསྒྱུར་བ་ང་ཚོར་མངོན་སུམ་རེད། དོན་དངོས་སུ་མིའི་རིགས་ཀྱི་ལོ་རྒྱུས་ལ་འཕོ་འགྱུར་དྲག་པོ་ཕྱིན་པའི་དོན་རྐྱེན་འདི་འདྲ། རྒྱལ་པོའམ་དཔོན་པོ་སྟོབས་ཆེན་དེ་འདྲས་བསླངས་པ་མ་རེད་ལ། ཕྱུག་བདག་གནམ་གྱིས་མི་ཐེག་མཁན་དང་མཁས་པ་ས་ལ་མི་ཤོང་མཁན་ཞིག་གིས་བསླངས་པའང་རེད། ཐ་ན་དམག་འཁྲུག་ཆེན་པོའམ་གྲོས་ཆོད་རླབས་ཆེན་དེ་འདྲས་བསླངས་པ་ཡང་མ་ཡིན་པར། རྒྱ་ནག་ཝུ་ཧན་གྱི་ས་ཁུལ་ཧ་ཅང་ཆུང་ཆུང་ཞིག་ཏུ་རྒྱ་མི་དཀྱུས་མ་ཞིག་གིས། ཕ་ཝང་ཞིག་མ་བཙོས་ནས་བཟས་བཞག་པའི་དོན་དག་ཤིན་ཏུ་རབ་ཏུ་ཆུང་ངུ་ཞིག་རེད། འབུ་ཆ་ག་པ་ཞིག་གི་གཤོག་པ་གཡུག་ཐེངས་ཤིག་ཀྱང་མཚམས་རེར་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་བྱེད་ཀྱི་རྐྱེན་དུ་མི་འགྲོ་བའི་ངེས་པ་མེད། དེས་ན་འབྱུང་འགྱུར་ལ་ཚོད་དཔག་རྒྱག་པ་ནི་ལོ་རྒྱུས་ལ་བློ་ཁ་མ་ཕྱོགས་པའི་བྱ་སྤྱོད་ཁོ་ན་རེད་སྙམ། ཧེབ་རིའུ(Hebrew)སྐད་ཡིག་གི་དར་རྒུད་གཅིག་པུས་ཀྱང་སྐད་ཡིག་ཅིག་གི་དར་རྒུད་ལ་ཚོད་དཔག་རྒྱག་ཐབས་མེད་པ་དཔེ་སྟོན་བྱེད་ཀྱི་ཡོད། དེ་བས་ང་ལ་མཚོན་ན་མ་འོངས་པར་བོད་ཀྱི་སྐད་ཡིག་གི་གནས་སྟངས་ག་འདྲ་ཆགས་སྲིད་མིན་ཅི་ཡང་བཤད་རྒྱུ་མེད། ལོ་རྒྱུས་ནི་ཧ་ཅང་གི་རྙོག་འཛིང་ཅན(Chaos)དང་མ་ངེས་པའི་རང་བཞིན་ཞིག་ཡིན་པ་ལས། གངྒཱའི་གཙང་རྒྱུན་ལྟར་བཞུར་ལམ་གཅིག་བཟུང་ནས་གཤར་རེར་རྒྱུག་འགྲོ་མཁན་དེ་འདྲ་མ་རེད་སྙམ། 

    སྤྱིར་བཏང་རྒྱལ་ཁབ་དང་སྐད་ཡིག་ཟེར་བ་དེ་ལ་མེད་ན་མི་འབྱུང་གི་འབྲེལ་ཡོད་པ་མ་རེད། སྐད་ཡིག་དང་རིག་གཞུང་གཉིས་ལ་མེད་ན་མི་འབྱུང་གི་འབྲེལ་བ་ཡོད་མེད་ཅིག་བལྟས་ན་ཏན་ཏན་གོ་རྒྱུ་ཡོད་ཀྱི་རེད། བོད་སྐད་ཀྱི་རྒྱལ་ཁབ་ཅེས་པའི་བརྡ་ཆད་འདི། དབྱིན་སྐད་ཀྱིNationགྱི་སྐད་དོད་ཡིན་ས་རེད། དེང་གི་རྒྱལ་ཁབ་བམ་དབྱིན་སྐད་ལNationདུ་འབོད་པ་འདིའི་ལོ་རྒྱུས་རིང་པོ་མ་རེད། འོན་ཀྱང་སྐད་ཡིག་གི་ལོ་རྒྱུས་ནི་ཧ་ཅང་རིང་པོ་རེད། སྐད་ཡིག་ཟེར་བ་འདི་རིག་གཞུང་གི་རྟེན་གཞི་རེད་མ་གཏོགས་རྒྱལ་ཁབ་ཀྱི་རྟེན་གཞི་མ་རེད། རྒྱལ་ཁབ་ཀྱི་རྟེན་གཞི་ནི། སྲིད་གཞུང་། ཆབ་སྲིད། དཔལ་འབྱོར། དམག་དོན་སོགས་རེད། ཁྱོད་ལ་སྐད་ཡིག་ལོགས་ཀ་ཞིག་མེད་རུང་། སྲིད་གཞུང་དང་ཆབ་སྲིད་ལམ་ལུགས། དཔལ་འབྱོར་དང་དམག་དོན་སོགས་ལོགས་སུ་ཡོད་ན་རྒྱལ་ཁབ་ལོགས་ཀ་ཞིག་ཡིན་ཆོག་ཆོག་རེད། ད་ལྟའི་བཱངྒ་ལ་དཱེཤ་དང་རྒྱ་གར་གྱི་ནུབ་བཱངྒལ་གཉིས་སྐད་ཡིག་གཅིག་པ་རེད་དེ་རྒྱལ་ཁབ་ཁ་ཁ་རེད། ལྷོ་ཕྱོགས་ཀྱི་ཏཱ་མིལ་ནཱ་ཌུ་དང་བྱང་ཕྱོགས་ཀྱི་ཧི་མཱ་ཅལ་གཉིས་སྐད་ཡིག་ལོགས་ཀ་རེད་དེ་རྒྱལ་ཁབ་གཅིག་རེད། འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་ཨ་རི་ལ་དབྱིན་ཇིའི་སྐད་ཡིག་ལས་ལོགས་སུ་གྱུར་པའི་གཞུང་སྐད་ཅིག་ཡོད་པ་མ་རེད། རྒྱུ་མཚན་དེས། ཨ་རིའི་རྒྱལ་ཁབ་དེ་འཛམ་གླིང་གི་རྒྱལ་ཁབ་སྟོབས་ཆེ་ཤོས་ཤིག་གི་ངོ་བོར་གནས་མི་ཐུབ་པ་དེ་འདྲ་གང་ཡང་བྱས་མི་འདུག

    སྤྱིར་བཏང་སྐད་བྱེ་བྲག་པ་ཞིག་གིས་རིག་གཞུང་དང་མི་རིགས་བྱེ་བྲག་པ་དེ་མཚོན་ཐུབ་ཟེར་བ་ལ་བདེན་ཆ་ཡོད་ཀྱང་། རིག་གཞུང་དང་སྐད་ཡིག་མི་རིགས་གསུམ་གའི་ངོ་བོ་འགྱུར་བའི་ཆོས་ཅན་ཞིག་ཡིན་པ་ལས། དེ་གསུམ་ག་འགྱུར་མེད་ཀྱི་རང་བཞིན་ཞིག་མ་རེད། སྲོལ་རྒྱུན(Tradition)དང་རིག་གཞུང(Culture)གཉིས་ཀྱི་མི་འདྲ་ས་གཙོ་བོ་ཡང་། སྲོལ་རྒྱུན་ཞེས་པ་གཏན་ནས་འགྱུར་མི་རུང་བ་ཞིག་དང་། རིག་གཞུང་ཞེས་པ་མཚམས་ཆད་མེད་དུ་འགྱུར་འགྲོ་བ་ཞིག་རེད། བསམ་བློ་ཞིག་ཐོངས་དང་། མི་ལོ་ས་ཡ་དྲུག་གི་ཡར་སྔོན་དུ་ཨཧྥ་རི་ཀའི་ས་ཁུལ་ཞིག་ནས་མིའི་རིགས་ཀྱི་མེས་པོ་ཐོག་མ་དེ་མངོན་རྒྱུ་བྱུང་བ་རེད། དེ་ནས་ད་བར་དུ་མིའི་རིགས་ཀྱི་སྐད་དང་རིག་གཞུང་ལ་འཕེལ་འགྱུར་གྲངས་མེད་པ་བྱུང་སྟེ། ཐོག་མའི་དུས་ཀྱི་རིག་གཞུང་དང་སྐད་སོགས་ད་ལྟ་རྩ་མེད་ཡང་མེད་དུ་ཆགས་སོང་ཡོད་ཀྱི་རེད་དེ། མིའི་རིགས་ཀྱི་ངོ་བོ་བརླགས་སོང་རབས་སུ་ལའང་བཤད་རྒྱུ་མེད། བྱེ་བྲག་ཏུ་བབས་ནས་བཤད་ན། རྒྱ་གར་གྱི་ད་ལྟའི་སྐད་དང་རིག་གཞུང་ཡོད་ཚད་པོ་ཕྱིའི་བཙན་འཛུལ་བའི་སྐད་དང་རིག་གཞུང་རེད། རྒྱ་གར་གྱི་སྐད་དང་རིག་གཞུང་ནི། ཧིནྡཱུའི་ཆོས་ལུགས་དང་ཨི་སི་ལམ། དབྱིན་ཇི་མི་སེར་སྤེལ་མཁན་གསུམ་གྱི་སྐད་དང་རིག་གཞུང་གིས་གྲུབ་བཞག་པ་ཞིག་རེད། ཧིནྡཱུའི་རིག་གཞུང་དང་སྐད་ཡིག་འདི་ཕྱིའི་བཙན་འཛུལ་བ(བཙན་འཛུལ་ཡིན་མིན་ལ་རྩོད་པ་ཡོད།)འཕགས་རིགས(Aryan)ཟེར་བ་དེ་ཚོས་ཁུར་ཡོང་བ་ཞིག་རེད། ཨི་སི་ལམ་གྱི་རིག་གཞུང་ཨུརྡུའི་སྐད་ཡིག་དེ་ཚོ་ཨ་རབ་དང་ཨཧྥ་གྷན། ཨེ་ཤི་ཡ་དབུས་ཕྱོགས་ཀྱི་ཨི་སི་ལམ་གྱི་བཙན་འཛུལ་བ་ཚོས་ཁུར་ཡོང་བ་རེད། ནུབ་ཀྱི་སྐད་དང་རིག་གཞུང་ནི་དབྱིན་ཇི་མི་སེར་སྤེལ་མཁན་གྱིས་ཁུར་ཡོང་བ་རེད། ཕྱིའི་བཙན་འཛུལ་བ་འདི་དག་ཡོང་བའི་ཤུལ་དུ་རྒྱ་གར་ཁོ་རང་གི་གནའ་བོའི་སིནྡྷུ་ཤེས་རིག་གམ་དཔལ་ཡོན་དེ་ཧ་ལམ་རྩ་མེད་ཆགས་ཟིན་པ་རེད། འོ་ན་ད་ལྟ་རྒྱ་གར་མི་རིགས་ཀྱི་ངོ་བོ་རྩ་བརླག་ཏུ་ཕྱིན་ཡོད་དམ། གནད་ངོ་མ་ནི་སྐད་དང་རིག་གཞུང་གསར་པ་དེ་དག་དང་ལྷན་དུ་མི་རིགས་དེའི་ངོ་བོ་ཡང་འགྱུར་འགྲོ་གིན་ཡོད། འགྱུར་བ་ནི་རྩ་བརླག་ཏུ་ཕྱིན་པ་མ་རེད། བྱིས་པ་ཞིག་དར་མར་འགྱུར་ན་མི་དེ་རྩ་བརླག་ཏུ་ཕྱིན་པ་རེད་སུས་ཀྱང་མི་ཟེར། འགྱུར་བ་ལ་སུས་ཀྱང་ལྡོག་ཐབས་ཡོད་པ་མ་རེད། འགྱུར་བ་ནི་དུས་ཚོད་ཀྱི་དགོས་མཁོ་རེད། འགྱུར་བ་མེད་ན་ད་གཟོད་ཤི་བ་དང་མི་མཚུངས་པའི་ངེས་པ་མེད། ང་ཚོ་བོད་རང་ལ་ཆ་བཞག་ཀྱང་། སངས་རྒྱས་ཆོས་ལུགས་ཀྱིས་གཙོས་པའི་རྒྱ་གར་གྱི་རིག་གཞུང་གི་བཙན་འཛུལ་བྱུང་རྗེས། དེའི་སྔོན་གྱི་སྐད་དང་རིག་གཞུང་ཚང་མ་ལང་རྒྱུ་མེད་པ་བྱས་བཞག་ཡོད། གཉའ་ཁྲི་བཙན་པོའི་སྔོན་གྱི་བོད་མི་ཞིག་ད་ལྟ་ང་ཚོར་འཕྲད་པའི་དབང་དུ་བཏང་ན། ཨཧྥ་རི་ཀའི་ནགས་ཁྲོད་ཀྱི་ཀློ་པ་ཞིག་དང་འཕྲད་པ་ལྟ་བུ་ཞིག་ཡོང་ངེས་པ་ལས། སྐད་དང་འདུ་ཤེས་ལྟ་ཚུལ་སོགས་གང་ཅིའི་ཐད་ནས་ད་ལྟའི་མདོ་དབུས་ཁམས་གསུམ་གྱི་བོད་མི་ཞིག་ཕྲད་སོང་སྙམ་པ་ནམ་ཡང་འབྱུང་མི་སྲིད། འོ་ན་ང་ཚོའི་ཐོག་མའི་དུས་སྐབས་ཀྱི་སྐད་དང་རིག་གཞུང་དེ་ཚོ་འགྱུར་ནས་ཚད་འདིར་སླེབས་ཚར་ཡོད་པས། བོད་མི་རིགས་ཀྱི་ངོ་བོ་བརླགས་ཟིན་པ་ཡིན་ནམ། སྐད་ཆ་དྲང་བཤད་བྱས་ན། བོད་ཀྱི་རིག་གཞུང་དང་སྐད་ཉམས་ན་བོད་མི་རིགས་ཀྱི་ངོ་བོ་བརླགས་འགྲོ་གི་རེད་ཟེར་ནས་སེམས་ཁྲལ་སློང་མཁན་མང་ཤོས་ཆོས་ལུགས་པ་ཚོ་རེད། ཁོ་ཚོར་ཁག་ཡོད་པ་མ་རེད། ཁོ་རང་ཚོའི་ཆོས་ལུགས་དང་དེ་རྟེན་གཞིར་གྱུར་པའི་སྐད་ཡིག་གི་ཚབ་གཞན་ཞིག་གཏན་ནས་ཡོང་འཇུག་འདོད་མེད་པ་རེད། དེ་ནི་རང་གི་ཆུང་མས་ཁྱོ་ག་གཞན་འཚོལ་དོགས་ཀྱི་འཇིགས་སྣང་བྱེད་པ་དང་གཅིག་པ་རེད། འཇིགས་སྣང་དེ་བོད་དུ་སངས་རྒྱས་ཆོས་ལུགས་ཐོག་མར་དར་སྐབས་བོན་པོ་ལའང་གཅིག་པ་བྱུང་མྱོང་ཡོད་རེད། འོན་ཀྱང་དེ་རིང་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་ཀྱི་མདུན་མཆོང་པ་ཚོའི་ཁྲོད་ན། ལོ་རྒྱུས་ཀྱི་བྱུང་བ་དེ་དག་ལ་ཕྱིར་མིག་འཕངས་ཏེ་ཕྱི་ཡོང་སངས་རྒྱས་ཆོས་ལུགས་ལ་ལེ་བདའ་དང་། བོན་གྱི་གདོད་མའི་རིག་གཞུང་ཉམས་ཉེས་སུ་སོང་བས་བོད་མི་རིགས་རྩ་བརླག་ཏུ་སོང་བའི་ལྟ་ཚུལ་འཆང་མཁན་འདུག་གམ། དེ་ལས་ལྡོག་སྟེ་ཕྱི་ཡོང་སངས་ཆོས་དང་འབྲེལ་བའི་རིག་གཞུང་དེ་བོད་མི་རིགས་མཚོན་བྱེད་ཀྱི་དར་ཆར་འཕྱར་གྱིན་འདུག དེ་འཕྱར་མི་ཆོག་པའང་མ་རེད། མ་འོངས་པ་བོད་ཀྱི་སྐད་ཡིག་དང་རིག་གཞུང་གི་ངོ་བོ་གཞན་ཞིག་ཏུ་འགྱུར་བའམ། ཡང་ན་དེའི་ཚབ་ཏུ་སྐད་དང་རིག་གཞུང་གཞན་ཞིག་སླེབས་པའི་དབང་དུ་བཏང་ན། དེ་ཡང་དེ་དུས་ཀྱི་བོད་མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཀྱི་དར་ཆ་ཆགས་སྲིད་པ་རེད། མི་རིགས་ཤིག་མི་རིགས་གཞན་ཞིག་ལ་ཐིམས་པའི་ཉེན་ཁ་དངོས་གནས་ཡོད་ས་དེ། མི་རིགས་དེ་ལ་ཆབ་སྲིད་རང་བཞིན་གྱི་བདག་དབང་ལོགས་སུ་མེད་པ་དེ་རེད། དེ་མིན་འཛམ་གླིང་སྟེང་གི་མི་རིགས་མང་ཆེ་བའི་སྐད་ཡིག་རིག་གཞུང་གི་ལོ་རྒྱུས་ནི། ཕྱིའི་བཙན་འཛུལ་བ་ཕྱི་མ་ཕྱི་མའི་སྐད་ཡིག་རིག་གཞུང་གིས། གཉུག་གནས་སྐད་ཡིག་རིག་གཞུང་སྔ་མ་སྔ་མའི་ཚབ་བྱས་པ་དེ་འདྲ་རེད། 

དྲི་བ། དེང་སང་ཁ་ཤས་ཀྱིས་ལག་ཁྱེར་གཙོ་བོར་འཛིན་གྱི་འདུགཁ་ཤས་ཀྱིས་ལག་ཁྱེར་ལས་སློབ་སྦྱོང་གལ་ཆེ་ཟེར་མཁན་འདུགཁྱེད་ཀྱི་མཐོང་ཚུལ་ལས་མང་ཤོས་ཀྱིས་དེ་གཉིས་ལས་ག་རེ་གཙོ་བོར་འཛིན་པར་མཐོང་སོང་།ཁྱེད་ཀྱིས་བལྟས་ན་ག་རེ་གལ་ཆེ་བ་འདུག

ལན། སློབ་སྦྱོང་གལ་ཆེ་བ་ཡིན་པ་ལ་བསྙོན་དུ་མེད། འོན་ཀྱང་སློབ་སྦྱོང་དང་ལྷན་དུ་ལག་ཁྱེར་ཡང་ཡོད་ན། དེ་ནི་ཡག་ཐོག་ཡག་བརྩེགས་རེད། ལག་ཁྱེར་ཁོ་ན་ལས་སློབ་སྦྱོང་གཏན་ནས་མེད་ན། དེས་ཕུགས་རྒྱང་རིང་པོར་ས་ཟིན་ཁག་པོ་རེད། ང་རང་སྒེར་གྱི་ལྟ་ཚུལ་ཡིན་ན། འཛིན་གྲྭ་མཐར་ཕྱིན་དུས་སློབ་སྦྱོང་ཡག་པོ་ཡོད་མེད་དེ་གཙོ་བོ་མ་ཡིན་པར། འཛིན་གྲྭ་མཐར་ཕྱིན་རྗེས་མུ་མཐུད་ནས་སློབ་སྦྱོང་བྱེད་སྡོད་མཁན་ཞིག་ཡིན་མིན་དེ་གཙོ་བོ་རེད་སྙམ། སློབ་སྦྱོང་ཡག་པོ་ཡོད་མཁན་ཞིག་ཡིན་རུང་འཛིན་གྲྭ་མཐར་ཕྱིན་མ་ཐག་སློབ་སྦྱོང་དང་འགྱང་སྐྱེད་པའི་མི་དེ། རིང་མིན་བླུན་པོའི་ཁྲོད་དུ་ལྷུང་འགྱུར་གདོན་མི་ཟ་ལ། འཛིན་གྲྭ་ཐོན་སྐབས་སློབ་སྦྱོང་ཅང་མེད་ཀྱང་མུ་མཐུད་ནས་སློབ་སྦྱོང་ལ་ཞུགས་པའི་མི་དེས་གྲུབ་འབྲས་ལེགས་པོ་ལོན་ཐུབ་ངེས་རེད་སྙམ། 

དྲི་བ། དགེ་རྒན་ཞིག་ལ་མཚོན་ན་དཔེ་བལྟས་བྱེད་ས་དང་སློབ་དེབ།ཡང་ན་སློབ་ཕྲུག་ཚོར་ངོ་སྤྲོད་བྱེད་རྒྱུའི་དེབ་སོགས་རིག་ཚན་མི་འདྲ་བའི་དེབ་འདང་ངེས་ཤིག་དགོས་ཀྱི་རེད་བསམ་གྱི་འདུགདེ་འདྲའི་རིགས་མ་འདང་བའི་དཀའ་ངལ་ང་ཚོ་ལ་ཡོད་རེད་དམ།

ལན། དེ་ཡིན་ཤག་ཤག་རེད། ང་རང་ལ་ཆ་བཞག་ན་བོད་ཀྱི་སྐད་ཡིག་དགེ་རྒན་ཞིག་ཡིན་པའི་ཆ་ནས་བཀླག་བྱས་མི་འདང་བའི་དཀའ་ངལ་དེ་དངོས་གནས་ཆེན་པོ་རེད། དེ་ཡང་ང་ལ་མཚོན་ན་དཀའ་ངལ་ཆེ་ཤོས་སྒྲུང་རིགས་ཀྱི་ངོས་ནས་རེད། དབྱིན་ཡིག་སློབ་མཁན་དང་སྦྱོང་མཁན་ཞིག་ལ་མཚོན་ན། རིས་བྲིས་བྱིས་སྒྲུང(Comic)གཅིག་པུ་ཡང་ཚད་མི་ལོངས་པ་བཀླག་རྒྱུ་འདུག དེ་ནས་རྟོག་པ་རང་ཡན་པའི་སྒྲུང་རབས(Fantasy series)དེ་འདྲ་ཡང་མི་ཚེ་གང་བཀླག་ཆོག་པ་དེ་འདྲ་ཡོད་རེད། དེ་མིན་གྱི་སྒྲུང་ཚན(Genre)གཞན་ནི་གྲངས་མེད་དཔག་མེད་བཀླག་རྒྱུ་ཡོད། བོད་ཡིག་ལ་བོད་ནས་ཐོན་པའི་སྒྲུང་གཏམ་འགའ་ཡོད་ཀྱང་། སྒྲུང་གཏམ་དེ་དག་གི་སྐད་ཆ་མང་ཆེ་བ་ཡུལ་སྐད་ཡིན་དུས། བཙན་བྱོལ་ནང་གི་སློབ་ཕྲུག་རྣམས་ལ་དེ་དག་ཀློག་འཇུག་སྐབས་རྡོ་མུར་དུ་བཅུག་པ་དང་གཅིག་པ་གཅིག་རྐྱང་རེད་བཞག སྒྲུང་རིང་ཞིག་ཚིག་འབྲུ་རེ་རེ་ནས་ཁྲིད་དགོས་ན་ནི་རྒྱུགས་དུས་གཅིག་གི་དུས་ཚོད་གང་ག་དེས་བཟས་འགྲོ། བོད་ཡིག་ལ་དངོས་གནས་བཀླག་བྱའི་རྣམ་གྲངས་དང་སྡེ་ཚན་ཉུང་དྲགས་པའི་དཀའ་ངལ་ཧ་ཅང་ཆེན་པོ་རེད་སྙམ། 

དྲི་བ། བོད་ཡིག་སྦྱོང་མཁན་མང་པོ་ཞིག་གིས་བོད་ཀྱི་བརྡ་སྤྲོད་སྐོར་མཐོང་བ་དང་ཉོབ་ནས་གཉིད་ཁུག་གྲབས་བྱེད་ཀྱི་འདུགདེའི་རྒྱུ་མཚན་ག་རེ་ཡིན་ནམ།ཁྱེད་ལ་དེ་འདྲའི་ཉམས་མྱོང་ཡོད་དམ།འདི་ལ་སློབ་ཁྲིད་བྱེད་སྟངས་དང་བསླབ་གཞིའི་ཐད་བསྒྱུར་བཅོས་དགོས་པ་མཐོང་གི་འདུག་གམ། 

ལན། དཀའ་ངལ་དེ་ཆེན་པོ་རེད། ངས་ཞིབ་འཇུག་གཏིང་ཟབ་བྱས་ནས་ནོར་འཁྲུལ་ཚུལ་བཞིན་ངོས་ཟིན་པ་ཅང་མེད་ཀྱང་། ང་རང་གི་མཐོང་ཚུལ་བྱས་ན་བསླབ་གཞི་དང་སློབ་སྟངས་གཉིས་ཀའི་སྐྱོན་ཆ་ཞིག་མིན་ནམ་སྙམ། འོན་ཀྱང་སྤྱི་ཆ་ནས་དེང་སང་བཙན་བྱོལ་ནང་གི་སློབ་གྲྭ་མང་པོའི་བསླབ་གཞི་ལ་བསྒྱུར་བཅོས་ཞེ་དྲགས་བཏང་ཡོད་ས་རེད། 

     མི་རིགས་གཞན་ཚོས་སྐད་ཡིག་གསར་པ་ཞིག་སློབ་སྐབས། དང་པོ་ཉིད་དུ“རང་གི་མིང་གང་ཡིན་ནམ། རང་གི་ཕ་ཡུལ་གང་ནས་ཡིན།”ཞེས་ཚིག་སྒྲུབ་རྡོག་རྡོག་འགའ་ཁ་ནང་བླུགས་ནས་སློབ་འགོ་འཛིན་གྱིན་འདུག སློབ་སྟངས་དེར་སློབ་ཁྲིད་རིག་པའི་ནངTop down approachལབ་ཀྱིན་འདུག བོད་སྐད་ནང་ལུགས་ལྡོག་གི་སློབ་ཐབས་ལབ་ན་འགྲིག་མིན་མི་ཤེས། ཡིན་པ་ནི་ཚིག་སྒྲུབ་གང་རུང་གི་གྲུབ་ཆར་གྱུར་པའི་ཕྲད། དབྱངས་གསལ། མིང་ཚིག ཁྱད་ཚིག བྱ་ཚིག་སོགས་རེ་རེ་ནས་ཕྲལ་ཏེ་མི་སློབ་པར། ཐད་ཀར་ཚིག་སྒྲུབ་རྡོག་རྡོག་འགའ་ཁ་ནང་བླུགས་ནས་སློབ་ཐབས་བྱེད་པ་དེ་རེད། ང་ཚོ་བོད་པའི་སྐད་ཡིག་སློབ་མཁན་ཚོས་ནི། དང་པོ་ཁོ་རང“ས་སུ་ག་བ་དྲག་མཐར་ཏུ”སོགས་ནས་སློབ་འགོ་འཛུགས་ཀྱིན་འདུག་ལ། སློབ་ཐབས་འདི་ལ་སློབ་ཁྲིད་རིག་པའི་ནངBottom up approachལབ་ཀྱིན་འདུག བོད་སྐད་ནང་ལུགས་འབྱུང་གི་སློབ་ཐབས་ལབ་ན་ཏག་ཏག་སྡོད་མིན་མི་ཤེས། སློབ་ཐབས་འདིས་ཚིག་སྒྲུབ་ཅིག་གི་གྲུབ་ཆ་ཡོང་རྫོགས་ཁ་ཕྲལ་ཏེ་བརྡ་སྤྲོད་ཀྱི་གནད་སློབ་ཐབས་བྱེད་པ་རེད། འདི་ནི་སྐད་ཆ་ཕར་བཤད་ཚུར་བཤད་ཏོག་ཙམ་ཤེས་རྗེས་ད་གཟོད་ལག་བསྟར་བྱ་རྒྱུ་ཞིག་རེད་མ་གཏོགས། སྐད་ཡིག་སློབ་འགོ་ཚུགས་མ་ཐག་འཁྲིད་རྒྱུ་ཞིག་མ་རེད། ཕྲུ་གུ་ཆུང་ཆུང་ཞིག་གིས་ཕ་མའི་ས་ནས་སྐད་ཡིག་ཐོག་མར་སྦྱོང་སྐབས་ཀྱང་། ཚིག་སྒྲུབ་རྡོག་པོ་དག་རྗེས་ཟློས་བྱས་ནས་འགོ་འཛུགས་པ་ལས། ཕ་མས་སུམ་རྟགས་ཁྲིད་དེ་བོད་སྐད་སློབ་པ་དཔེ་སྲིད་ཀྱི་མ་རེད། སྔར་གྱི་བོད་ཀྱི་མཁས་པ་ཚོས་སྐད་ཡིག་ཁྲིད་ཐབས་ཀྱི་ལམ་ལུགས་འདི་ལ་གཏན་ནས་དོ་སྣང་གནང་མྱོང་མེད་པ་འདྲ། དེར་ཡང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཞེ་དྲགས་ཡོད་ཆོག་གི་རེད། གང་ལྟར་བོད་ཀྱི་བརྡ་སྤྲོད་པའི་གཞུང་ལུགས་ཡོད་དོ་ཅོག་ཕྲད་རྣམ་དབྱེ་དང་བྱ་ཚིག་སོགས་ཀྱི་སྐོར་ཡིན་པ་ལས། ཚིག་སྒྲུབ(Sentence)ཀྱི་མཚན་ཉིད་ནས་བརྩམས་པའི་རྣམ་གཞག་གྲ་རྒྱས་པོ་ཡོད་པའི་གཞུང་ལུགས་ཤིག་ངས་ནི་མཐོང་མ་མྱོང་། ངས་མ་མཐོང་ན་མེད་དགོས་པ་དེ་འདྲ་ནི་མིན། འོན་ཀྱང་དེང་སང་བོད་ནང་གི་བརྡ་སྤྲོད་སྨྲ་བ་གྲགས་ཅན་མཁས་དབང་ལྕགས་ཐར་རྒྱལ་ལགས་ཀྱིས་ཚིག་སྒྲུབ་བརྗོད་གཞིར་བྱས་པའི་དེབ་འགའ་བྲིས་འདུག་པ་ནི་བོད་སྐད་ཡིག་གི་ཞན་ཆ་ལ་ཁ་གསབ་ཆེན་པོ་ཞིག་རེད་སྙམ། གང་ལྟར་སློབ་མར་བརྡ་སྤྲོད་སློབ་སྐབས་ཐད་ཀར་བརྡ་སྤྲོད་སློབ་པ་མ་ཡིན་པར། ཚིག་སྒྲུབ་མང་པོ་གསར་བཟོ་བྱེད་དུ་འཇུག་པའི་ཞར་དང་ཞོར་ནས་བརྡ་སྤྲོད་ཀྱི་གནད་རྣམས་ངོ་སྤྲོད་བྱེད་ཐུབ་ན་ཤེས་སླ་བ་མེད་དམ་སྙམ། དེ་ཐོག་མ་ཁོ་ནར་བརྡ་སྤྲོད་ཀྱི་གནད་ཉག་ཉོག་མང་པོ་ཁྲིད་པ་དང་། རྩ་ཚིག་མང་པོ་བློར་འཛིན་འཇུག་པ་འདི་ནི་མི་རྣམས་བོད་ཀྱི་བརྡ་སྤྲོད་ལ་མགོ་ན་དགོས་པའི་རྒྱུ་མཚན་གཙོ་བོ་རེད་སྙམ། 

     དེ་ལས་གཞན་སྐད་ཡིག་གི་རྩལ་བཞི་སྟེ། ཉན་བཤད་ཀློག་འབྲི་རྣམས་ལས་ཉན་པ་ནི་བཤད་པའི་རྒྱུ་ཡིན་ལ། ཀློག་པ་ནི་འབྲི་བའི་རྒྱུ་རེད། བོད་ཀྱི་སྐད་ཡིག་སྦྱོང་མཁན་ཚོར་དཀའ་ངལ་དངོས་གནས་ཡོད་ས་དེ་ཕྱི་མ་གཉིས་ཡིན་ལ། དེའི་ནང་ནས་ཀྱང་འབྲི་རྒྱུ་དེ་ཐུ་ཤོས་རེད། ཞིབ་ཏུ་བསམས་ན་ཀློག་གི་རྩལ་དེ་ལག་བསྟར་ཞིག་བྱེད་དགོས་ན་བཙན་བྱོལ་བོད་མིའི་སློབ་གྲྭ་ནང་བཞིན་སུས་ཀྱང་ལག་བསྟར་བྱེད་ཀྱིན་ཡོད་ཚོད་མི་འདུག ཞོགས་པ་ཆད་མེད་དུ་ཆུ་ཚོད་རེ་གཉིས་ཁ་ཏོན་བྱེད་ཀྱིན་ཡོད་རེད། དངོས་གནས་བྱས་ན་ཁ་ཏོན་དེ་ཚོ་གང་ག་རྩོམ་རིག་བརྩམས་ཆོས་ཤ་སྟག་ཡིན་པས་སྐད་ཡིག་གི་བསླབ་གཞི་ཚད་ལྡན་ཤ་སྟག་རེད། འོན་ཀྱང་བོད་པ་ཚང་མར་ལྟ་སྟངས་ཁྱད་མཚར་ཞིག་འདུག་པ་ནི། ཁ་ཏོན་ཞེས་པ་དེའི་ཚིག་དོན་ལ་གཏན་ནས་བསམ་བློ་གཏོང་ཆོག་གི་མེད་པ་ལྟ་བུའི་ལྟ་སྟངས་ཤིག་འདུག གལ་ཏེ་བོད་རྣམས་ལ“གངས་རི་ར་བས་བསྐོར་བའི་ཞིང་ཁམས་སུ།།”ཞེས་པ་ལྟ་བུའི་ཁ་ཏོན་གྱི་ཚིག་རྐང་རེ་རེ་ནས་བསམ་བློ་གཏོང་རྒྱུའི་གོམས་སྲོལ་ཞིག་ཡོད་པའི་དབང་དུ་བཏང་ཚེ། ཁ་ཏོན་ཁོ་ནས་ཀྱང་བོད་ཡིག་གི་རྩོམ་འབྲི་ལ་ཐོགས་པ་མེད་པ་ཞིག་ཆགས་ཐུབ་སྲིད། ཡ་མཚན་པ་ཞིག་ལ་དགོན་སྡེའི་དཔེ་ཆ་བ་ཡིན་ཟེར་མཁན་དེ་ཚོར་ཡང་ལྟ་ཚུལ་འདི་འདུག་སྟེ། ཁ་ཏོན་བྱེད་པ་ལས་དབུ་མ་འཇུག་པ་སོགས་ལ་དཔེ་ཀློག་བྱས་ན་རྦད་དེ་ལེགས་ཚུལ་ཤོད་ཀྱིན་འདུག ཁ་ཏོན་དེ་ཚོའི་ནང་དོན་ལ་བསམ་བློ་ཞིག་ཐོངས་དང་། སངས་རྒྱས་ཆོས་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཆ་ཚང་ཡོད་པའི་གཞུང་ལུགས་རེ་ཡིན་པས་ག་ལ་ཚད་དེ། ཁ་ཏོན་ཁ་ཤས་སྙན་པ་ལའང་ཚོད་ཡོད་པ་མ་རེད། ཆོས་ལུགས་ཀྱི་ངོས་ནས་བལྟས་ནའང་དགེ་བ་དངོས་གནས་དེ་ཚིག་དོན་ལ་བསམ་བློ་གཏོང་རྒྱུ་དེར་ཡོད་པ་ལས། ཁ་ནས་སྒྲོག་རྒྱུ་ཙམ་ལ་ཡོད་ཚུལ་འཆད་ཀྱིན་མེད། སློབ་མ་ཚོར་བོད་ཡིག་སྟེང་གི་ཁ་ཏོན་རྣམས་བྱིའུས་སྐད་ཅོར་བརྒྱབ་པ་ལྟར་འདོན་ཡ་མ་གཏོགས། ཚིག་དོན་ལ་བསམ་བློ་གཏོང་ཚུལ་གཏན་ནས་མ་བསླབས་པའི་རྒྱུ་མཚན་གྱིས། སློབ་མ་ཚོས་བོད་ཡིག་ཡིན་ཕྱིན་ཆད་ཚིག་གི་ནང་དོན་ལ་གཏན་ནས་བསམ་བློ་གཏོང་མི་ཤེས་པའི་གོམས་སྲོལ་ངན་པ་ཞིག་ཆགས་འདུག འདིས་བོད་ཡིག་འབྲི་ཀློག་ལ་གནོད་ཆེན་པོ་སྐྱེལ་གྱི། འདི་དག་ནི་ང་སྒེར་གྱི་བསམ་ཚུལ་རེད། དོན་ལ་གནས་མིན་བཤད་ཚོད་ཐིགས་ཀྱི་མ་རེད། 

     གཅིག་བྱས་ན་བོད་ཡིག་གི་ཚེག་ཁྱིམ་ཆ་ཡ་སྡེབ་སྟངས་དང་། ཡིག་གཟུགས་གྲུབ་ཚུལ། སྐད་ཀྱི་རང་བཞིན་སོགས་ཀྱི་ངོས་ནས་ཀྱང་དཀའ་ངལ་མེད་མི་སྲིད་པ་མ་རེད། དེ་ནི་སྐད་བརྡ་རིག་པའི་ཆེད་མཁས་པ་ཚོས་མཁྱེན་པ་ལས་ང་ལྟ་བུ་ཞིག་གིས་བཤད་ཐུབ་པ་མ་རེད། གལ་ཏེ་དེ་འདྲའི་དཀའ་ངལ་ཡོད་ན་དུས་དང་བསྟུན་ནས་བཅོས་འགྱུར་བྱེད་དགོས་པ་ལས། ང་ཚོའི་སྐད་ཡིག་ལ་སྐྱོན་གཏན་ནས་མེད་སྙམ་པའི་རློམ་སེམས་ཁོ་ནས་ཁུངས་འཁྱོལ་མདོག་ཁ་པོ་མ་རེད། ལར་ནས་བོད་ཀྱི་སྐད་ཡིག་འདི་ནི་སྐད་གསར་བཅད་རིམ་པ་གསུམ་ཙམ་བརྒྱུད་མྱོང་བའི་སྐད་ཡིག་གུ་ཡངས་ཤིག་ཡིན་པ་ལས། བཅོས་འགྱུར་གཏན་ནས་དང་ལེན་བྱེད་མི་ཐུབ་མཁན་གྱི་སྐད་ཡིག་མགོ་མཁྲེགས་ཤིག་མ་རེད་སྙམ། 

དྲི་བ། སྤྱིར་རྒྱལ་ཁབ་གཞན་དང་བསྡུར་ན་ཆོས་ལུགས་དང་མ་འབྲེལ་བའི་གཞུང་ལུགས་དང་སྒྱུ་རྩལ་བརྩམས་ཆོས་རིགས་བོད་པར་ཉུང་ཉུང་ལས་མེད་པར་མཐོང་གི་འདུགདེའི་ནང་ནས་ལྷག་ཏུ་ང་ཚོར་ཆད་བསྡད་པའམ་འཐུས་ཤོར་སོང་བ་ག་རེ་མཐོང་གི་འདུག

ལན། བོད་ཀྱི་སྐད་ཡིག་གི་སྟེང་ཆད་བསྡད་པའི་ཆ་བཤད་ན་རྫོགས་དུས་ཤིག་ཡོད་ཀྱི་མ་རེད་སྙམ། ཡིན་ནའང་ང་རང་གི་ལྟ་སྟངས་ལ་སངས་རྒྱས་ཆོས་ལུགས་ཕུད། སྤྱི་ཚོགས་ཚན་རིག་གི་ཤེས་བྱ་བརྒྱ་ཆའི་དགུ་བཅུ་ཐམ་པ་ཆད་བསྡད་པ་དེ་ནི་ཆད་པ་སྡུག་ཤོས་ཤིག་རེད་སྙམ། དེ་ལྟ་ནའང་ཆད་པ་ཁ་གསབ་བྱེད་སྟངས་འདི་འདྲ་ཞིག་ཡིན་དགོས་ས་རེད་སྙམ་པའི་བསམ་ཚུལ་གནད་ལ་ཁེལ་བ་ཞིག་ཞུ་རྒྱུ་མི་འདུག 

དྲི་བ། དེང་སང་བོད་ཀྱི་ལོ་ཙྰ་བ་རྣམས་ཀྱིས་མི་རེས་ཐ་སྙད་རེ་བསྒྱུར་ཏེ་དངོས་པོ་གཅིག་གི་མིང་ལའང་ཐ་སྙད་གསར་པ་མང་དྲགས་ཏེ་མི་རྣམས་མགོ་འཐོམ་གྱི་ཡོད་ཚོད་འདུགདེའི་ཐད་ཁྱེད་ལ་བསམ་ཚུལ་ག་རེ་ཡོད། 

ལན།  དེར་དངོས་གནས་དཀའ་ངལ་ཞིག་འདུག ཟ་འདོད་མེད་པའི་ཁ་ཟས་མང་པོ་ཞིག་མདུན་དུ་སྤུངས་ཡོང་བ་དང་འདྲ། ང་ཚོས་སེལ་དགོས་རྒྱུའི་དཀའ་ངལ་དང་པོ་ནི། མིང་ཚིག་གསར་པ་མང་ཐག་ཆོད་སྤུངས་ཡོང་རྒྱུ་དེ་མ་ཡིན་པར། མིང་ཚིག་དེ་དག་སྤྱོད་སྒོ་ཡོད་སའི་ཁོར་ཡུག་བསྐྲུན་རྒྱུ་དེ་རེད་སྙམ། བོད་ཀྱི་སྐད་ཡིག་གིས་འཚོ་གནས་ལ་ཁག་ཐེག་བྱེད་ཐུབ་པ་བཟོ་རྒྱུ་ནི་གནད་འགག་ཆེ་ཤོས་རེད། སྐད་ཡིག་ནི་གཟུངས་སྔགས་ལྟར་བྱུང་རྒྱལ་དུ་ཁ་འདོན་བྱས་ཏེ་གནས་ཐུབ་པ་ཞིག་མ་རེད། སྐད་ཡིག་ཟེར་བ་འདི་རང་རྐྱ་ཐུབ་པའི་རིག་ཚན་ཞིག་མ་རེད། འདི་ཐད་ཀར་འཚོ་གནས་ལ་རྟེན་བསྡད་པ་ཞིག་ཡིན་ཙང་། འཚོ་གནས་ལ་དགོས་མཁོ་མེད་ན་བརླགས་འགྲོ་གི་རེད། འདི་འདྲ་བཤད་སྐབས་མི་འགའ་ཤས་ཀྱིས་བཟའ་རྒྱུ་མེད་ན་བོད་ཀྱི་སྐད་ཡིག་སྦྱོང་གི་མིན་ལབ་ཀྱིན་འདུག་ཟེར་ནས་འཕྱ་དམོད་བྱེད་ཀྱི། འོན་ཀྱང་བསམ་བློ་ཞིབ་ཏུ་ཐོངས་དང་། མིའི་རིགས་འདི་གསོན་དགོས་པའི་རྒྱུ་མཚན་འཚོ་གནས་ཀྱི་དོན་དུ་རེད་མ་གཏོགས་གཞན་གང་གི་ཆེད་དུ་ཡིན། སྐད་ཡིག་འབྱུང་དགོས་པའི་རྒྱུ་མཚན་ཁོ་རང་འཚོ་གནས་ཀྱི་ཆེད་དུ་མིན་ན་གཞན་གང་གི་ཆེད་དུ་ཡིན། དེ་འདྲའི་འཕྱ་དམོད་བྱེད་མཁན་ཚོས་ཀྱང་དབྱིན་སྐད་རྒྱ་སྐད་སོགས་མི་འདོད་བཞིན་དུ་སྦྱོང་གིན་འདུག དེ་འཚོ་གནས་ཀྱི་ཆེད་དུ་མིན་ན་གཞན་གང་གི་ཆེད་དུ་ཡིན། དོན་དག་ཡང་སྙིང་འཚོ་གནས་ལ་ཕན་མི་ཐོགས་པའི་ཅ་ལག་ཅིག་ཨུ་ཚུགས་བརྒྱབ་ནས་ཉར་མཁན་སུ་འདུག་གམ། འཚོ་གནས་ཀྱི་ཆེད་དུ་བྱུང་བའི་ཆོས་དེ་འཚོ་གནས་ལ་ཕན་མི་ཐོགས་ན་འཛམ་གླིང་འདིར་མུ་མཐུད་ནས་གནས་དགོས་དོན་མེད། འཚོ་གནས་ཀྱི་ཆེད་དུ་བྱུང་བའི་སྐད་ཡིག་དེ་ལ་འཚོ་གནས་ཀྱི་ས་མིག་སྤྲོད་ཐབས་བྱེད་རྒྱུའི་ཐད་ལ་དོ་སྣང་མི་བྱེད་པར། དགོས་མཁོ་མེད་པའི་མིང་ཚིག་གི་གྲངས་ཀ་མང་དུ་གཏོང་བ་ནི་དགོད་སློང་བྱེད་ཙམ་རེད། བྱ་དངོས་རེ་རེར་མི་རེས་མིང་རེ་གསར་བཟོ་བྱས་པ་ཐལ་དྲགས་པས། དེང་སང་ང་ཚོས་མིང་གང་ཞིག་སྤྱོད་དགོས་མིན་ཤེས་ཀྱིན་མི་འདུག་ལ། མིང་གང་རུང་ཞིག་སྤྱད་ཀྱང་མི་ཚོས་ར་འཕྲོད་ཀྱིན་མི་འདུག མི་དཀྱུས་མ་རྣམས་ལ་དངོས་གནས་ཁག་ཡོད་པ་མ་རེད། དགོན་པའམ་ལས་ཁུངས་ནང་ཇ་ཆང་ཞིམ་པོ་བཏུངས་ནས་སྡོད་མཁན་ཚོ་ནང་བཞིན། མི་དཀྱུས་མ་ཚོར་མིང་ཚིག་བློར་འཛིན་ནས་སྡོད་ལོངས་ཡོད་པ་མ་རེད། ཁོ་ཚོ་འཚོ་གནས་ཀྱི་ཆེད་དུ་རྒྱུག་དགོས་ཀྱི་ཡོད་རེད། མིང་ཚིག་གསར་བཟོ་བྱེད་མཁན་ཚོས་དེ་ཚོའི་སྐོར་ལ་བསམ་བློ་ཏོག་ཙམ་བཏང་ན་ཡག་པོ་འདུག་སྙམ། 

དྲི་བ། དེང་སང་བོད་པའི་ན་གཞོན་ཚོར་བརྙན་ལམ་ནས་བཅར་འདྲི་ཞིག་བྱེད་སྐབས།ཐོག་མར་འདྲི་རྒྱུ་ལ།ངས་བོད་སྐད་གཙང་མ་གཙང་རྐྱང་དེ་འདྲ་བཤད་མི་ཤེས།གལ་ཡོད་མ་རེད་པེ།དེང་སང་བསྲེས་སྐད་ཤོར་ན་མི་ཚོས་བཀའ་བཀྱོན་མང་པོ་གཏོང་གི་འདུག་ཟེར་ནས།དྲི་ལན་ལས་ཀྱང་དེ་སེམས་ཁྲལ་ཆེ་མདོག་བྱེད་ཀྱི་འདུགབོད་སྐད་གཙང་མ་ཤོད་དགོས་ཟེར་ཡ་དེ་ལ་དགེ་སྐྱོན་ག་རེ་འདུག 

ལན། དེང་སང་བོད་པའི་སྤྱི་ཚོགས་ནང་རིག་གནས་གསར་བརྗེའི་སྐབས་ཀྱི་ཧུར་བརྩོན་པ་ལྟ་བུའི་དཔུང་སྡེ་ཞིག་ཐོན་འདུག ཁོ་ཚོའི་ལས་ཀ་ནི་བསྲེས་སྐད་སོགས་ལ་ཁ་གཡར་ཏེ་མི་དཀྱུས་མ་ཚོར་འབུར་འཇོམས་གཏོང་རྒྱུ་དེ་རེད་བཞག དེས་རྐྱེན་པས་དེང་སང་བོད་མི་དཀྱུས་མ་མང་པོ་བོད་སྐད་རྒྱག་རྒྱུར་སྐྲག་སྡོད་ཀྱི། དེ་འདྲའི་ལས་འགུལ་མུ་མཐུད་ནས་སྤེལ་དང་། ཉིན་ཞིག་བོད་པས་བོད་སྐད་གཏན་ནས་མི་རྒྱག་པ་ཞིག་བཟོ་ཐུབ་ས་རེད། 

    བསྲེས་སྐད་བརྒྱབ་ན་སྐད་ཡིག་ཉམས་འགྲོ་གི་རེད་ཟེར་བ་འདི་ཡང་ཆོ་མེད་པའི་འུར་སྒྲོག་ཐབས་སྡུག་ཅིག་རེད། འཛམ་གླིང་འདིར་བསྲེས་སྐད་ཀྱི་ཕུང་པོ་ཆེ་ཤོས་ཤིག་ཡོད་ན་དེ་ནི་དབྱིན་སྐད་རེད། དབྱིན་སྐད་ནང་བསྲེས་མ་ཡོང་བའི་འཛམ་གླིང་གི་སྐད་ཅིག་ཧ་ལམ་ཡོད་ཚོད་མ་རེད། རེད་དེ་དབྱིན་ཇིའི་སྐད་ཡིག་དེ་འཛམ་གླིང་གི་སྐད་ཡིག་སྟོབས་ཆེ་ཤོས་རེད། སྐད་ཡིག་བསྲེས་ལྷད་མ་ཤོར་བའི་གཙང་མ་གཙང་སིང་ངེ་བ་ཞིག་ལ་ལེགས་སྦྱར་རམ་སཾསྐྲིཏ་ནང་བཞིན་ཞིག་ཡོད་ཀྱི་མ་རེད། རེད་དེ་སཾསྐྲིཏའི་སྐད་དེས་ད་ཆ་དབུགས་རྒྱུན་མཐའ་མ་གཏོང་བཞིན་ཡོད། བོད་ཀྱི་སྐད་ཡིག་ལ་མཚོན་ན་དར་རྒྱས་ཆེ་ཤོས་ཀྱི་དུས་ཚོད་དེ། དུས་རབས་བརྒྱད་པ་དགུ་པའི་སྐབས་ཡིན་གྱི་རེད། རེད་དེ་བོད་ཀྱི་སྐད་ལ་བསྲེས་སྐད་མང་ཤོས་གཏོང་བའི་དུས་ཚོད་དེ་དུས་རབས་བརྒྱད་པ་དགུ་པའི་སྐབས་རེད་ལབ་ན་མི་འགྲིག་པ་མེད་ཚོད། དུས་རབས་དེ་དག་ཏུ་བོད་ལ་ཕྱི་ལོགས་ཀྱི་རིག་གནས་མང་པོ་ནང་འདྲེན་བྱས་པ་དང་བསྟུན་ནས། རྒྱ་གར་གྱི་སྐད། སོག་སྐད། སྟག་གཟིག་གི་སྐད། རྒྱ་ནག་གི་སྐད་སོགས་སྐད་ཡིག་མང་པོ་ཞེ་པོ་ཞིག་བསྲེས་ཏེ། ཧ་ལམ་བོད་ཀྱི་རིག་གནས་བཅུའི་ནང་གི་བརྡ་ཆད་ཀྱི་གྲངས་ཚད་བསྡུར་ན། ཕྱེད་མ་ཟིན་ཙམ་གཞན་གྱི་སྐད་བསྲེས་ཡོང་བ་དེ་འདྲ་ཡིན་གྱི་རེད། ལྷག་པར་དུ་ལེགས་སྦྱར་གྱི་སྐད་བསྲེས་པ་ནི་ཤུགས་ཆེན་པོ་རེད། གཞན་དག་ཕར་ཞོག བོད་ཀྱི་སྐད་ཡིག་གི་རིག་པའི་གཞུང་ལུགས་སྐད་གྲགས་ཆེ་ཤོས་སུམ་ཅུ་པའི་འགོ་ཁོ་རང་དུ”རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ།”ཞེས་བྲིས་ཡོད། འདི་བསྲེས་སྐད་མིན་ན་ཅི་ཡིན། འགོ་ལ་བྲིས་ན་སྐྱོན་མེད་ཀྱི་བར་དུ་བསྲེས་མི་ཆོག་སྙམ་ན། “པུ་ལིངྒ་ཡི་སྒྲ་མེད་པ། །དེ་ལ་པུ་ལིངྒ་སྦྱར་ན། ། སྟྲཱི་ལིངྒ་ཡི་སྒྲ་མེད་པ། །དེ་ལ་སྟྲཱི་ལིངྒ་སྦྱར་ན། །”ཞེས་པ་འདི་ཚོ་ཅི་ཡིན། ཨཱ་ལི་གཉིས་པ་བཞི་པ་ཟེར་བའི་ཚིག་དེ་ཚོའང་བསྲེས་སྐད་མིན་ན་ཅི་ཡིན། འོ་ན་བོད་ཀྱི་སྐད་ཡིག་ལ་བརྡ་སྤྲོད་པའི་སྒྲིག་གཞི་བཟོ་མཁན་སཾ་བྷོ་ཊས་གཙོས་པའི་བོད་ཀྱི་ལོ་ཙཱ་བ་རླབས་ཆེན་སྐྲག་མོ་ཡིན་ཟེར་མཁན་དེ་ཚོས་བསྲེས་སྐད་བྲིས། བསྲེས་སྐད་བཤད་ནས་བོད་ཀྱི་སྐད་ཡིག་ཉམས་རྒྱུའི་ཚབ་ལ་འཕེལ་རྒྱས་ཕྱིན་ཡོད་ན། བོད་མི་དཀྱུས་མ་ཚོས་བསྲེས་སྐད་ཉུང་ཟད་རེ་ཤོར་ནས་བོད་སྐད་ཉམས་འགྲོ་ལུགས་བཤད་རྒྱུའི་ཧམ་པ་དེ་གང་ནས་བྱུང་བ་ཡིན་ནམ། བསྲེས་སྐད་ལ་སྐྱོན་འཛུགས་བྱེད་མཁན་ཚོས་ཐོན་མི་སཾ་བྷོ་ཊས་གཙོས་པའི་ལོ་ཙཱ་བ་དེ་དག་ལ་མཛུབ་མོ་འཛུགས་ཕོད་དམ། ཁ་ཤས་ཀྱི་བསྲེས་སྐད་ནི་ཧ་ཅང་སྡུག་པོ་ཕག་ལྟོ་ལྟ་བུ་ཞིག་རེད་ཟེར། དེ་ནི་བཤད་སྟངས་ཕྱོགས་གཅིག་རེད། བསྲེས་སྐད་ནི་རྒྱ་མཚོ་ལྟར་རིན་པོ་ཆེ་སྣ་མང་བསྡུས་པའི་བང་མཛོད་ལྟ་བུ་ཞིག་རེད་ཅེས་ཀྱང་ཟེར་མི་ཆོག་པ་ག་རེ་ཡོད། སྐད་ཡིག་གཅིག་གི་ཡག་སྡུག་གི་ཚད་གཞི་དེ་དཔེ་སྟབས་བདེ་དེ་འདྲ་ཞིག་གིས་འཇལ་མི་ཐུབ།  

      ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ན། བཙན་བྱོལ་ནང་སྐྱེས་པའི་གཞོན་སྐྱེས་འདི་ཚོ་སྐད་ཡིག་གསུམ་བཞི་བསྲེས་ནས་རྒྱག་སའི་མི་ཡུལ་ལུང་པ་ཞིག་ནས་སྐྱེས་རེད། ཁོ་ཚོར་ཐོག་མའི་སྐད་ཡིག་རིག་གནས་ཀྱི་བག་ཆགས་འཇོག་སའི་ཁོར་ཡུག་ཁོ་རང་དེ་འདྲ་ཞིག་ལས་ཐོབ་མེད་ན། ཁོ་ཚོར་ཁག་ཅི་ཡང་ཡོད་པ་མ་རེད། བསྲེས་སྐད་ལ་སྐྱོན་འཛུགས་བྱེད་མཁན་དེ་ཚོ་མང་ཆེ་བ་བོད་ནས་ཡོང་བ་ཚོ་རེད་འདུག དེའི་ནང་ནས་ཀྱང་དགོན་སྡེའི་གྲྭ་བཙུན་ཚོ་རེད། ཁོ་ཚོ་སྐྱེས་ནས་ད་བར་དུ་བོད་ཀྱི་སྐད་ཡིག་རང་ལ་འཐམས་ནས་ཡོང་ཞིང་། མང་ཆེ་བས་བོད་ཀྱི་སྐད་ཡིག་མ་གཏོགས་ཤེས་ཀྱིན་མེད། མི་ཚེ་གང་ལ་སྐད་ཡིག་གཅིག་རང་ལ་འཐམས་བསྡད་ནའང་ད་དུང་ཁོ་ཚོ་མང་ཆེ་བའི་བོད་ཡིག་གི་ཆུ་ཚད་ནི་ཡིད་མུག་དགོས་ཡ་དེ་འདྲ་རེད། ད་དུང་གཞོན་སྐྱེས་ཚོར་བསྲེས་སྐད་ལ་ཁ་གཡར་ཏེ་འབུར་འཇོམས་གཏོང་བ་ནི་བཟང་སྤྱོད་ཀྱིས་མ་འདང་བའི་རྟགས་རེད། ང་ཚོ་སུ་འདྲ་ཞིག་ཀྱང་བཙན་བྱོལ་ནང་གི་ཁོར་ཡུག་འདི་ནས་སྐྱེས་ཡོད་ཚེ། ད་ལྟའི་བསྲེས་སྐད་རྒྱག་མཁན་གྱི་མི་འདི་ཚོ་དང་གཅིག་པ་རང་ཡོང་གི་རེད་མ་གཏོགས། མ་འདྲ་བ་ཞིག་ཡོང་རེ་ཡོད་པ་མ་རེད། དེ་བས་མི་ས་ལ་རང་བཞག་ནས་བལྟ་དགོས་ཡ་གལ་ཆེན་པོ་རེད། ཀུན་སྤྱོད་རིག་པའི་ཁ་དཔེ་ཞིག་ལ། “གཞན་གྱི་ལྷམ་ལ་རང་གི་རྐང་པ་བཅུག་ནས་བལྟ་དགོས”ཟེར་བ་ཞིག་ཡོད་རེད། ང་སྒེར་གྱི་ངོས་ནས་མི་འདི་ཚོའི་རིགས་ལ་ཧ་ཅང་བསུན་བསྡད་ཡོད། ཁོ་ཚོས་ཁ་གྲགས་ཚད་ལ་བོད་ཀྱི་སྐད་ཡིག་ཡིན་ན་གཅིག་བཤད་དེ་གཞོན་སྐྱེས་ཚོ་བོད་པའི་སྤྱི་ཚོགས་ནང་ལང་མི་ཕོད་པ་བཟོ་གི་འདུག བོད་ཀྱི་སྐད་ཡིག་ལ་བརྩེ་བ་ཡོད་ན་བོད་ཀྱི་སྐད་ཡིག་སྤྱོད་སྒོ་ཡོད་སའི་ཁོར་ཡུག་བསྐྲུན་དགོས་རེད། དེ་མི་ནུས་རུང་མ་མཐར་བོད་ཀྱི་སྐད་ཡིག་འདི་བོད་ཀྱི་སྐད་ཡིག་དམར་གསོད་གཏོང་བྱེད་ཀྱི་ལག་ཆར་བསྒྱུར་རུང་གི་མ་རེད། བོད་ཀྱི་སྐད་ཡིག་འདི་གཞོན་སྐྱེས་ཚོའི་སྤོབས་པ་འཇོམས་བྱེད་ཀྱི་ཐོ་བ་ལ་སྤྱོད་རུང་གི་མ་རེད།

དྲི་བ། སྔོན་མ་ཁྱེད་ཀྱིས་སྙན་ངག་དང་ལྗོངས་རྒྱུའི་ཟིན་ཐོ་སོགས་ཀློག་རིན་ཡོད་པའི་རྩོམ་སྤུས་དག་དེ་འདྲ་འབྲི་གི་རེད།དེང་སང་མཐོང་རྒྱུ་མི་འདུག་གང་ཡིན་ནམ། 

ལན། དེ་ང་སྒེར་གྱི་རང་དབང་ལ་འབྲེལ་བ་ཕྲན་བུ་ཡོད། ངས་སྔོན་མ་དྲྭ་ཐོག་ནས་རྩོམ་མང་པོ་བྲིས་སྐབས། ག་ས་གར་མི་ཆ་མེད་མང་པོས་ངོ་ཤེས་ཡོང་གི ང་ནི་རང་དབང་དུ་རྒྱུ་བར་དགའ་བའི་མི་ཞིག་རེད། མི་མང་པོས་ངོ་ཤེས་ཡོང་ན་ང་སྒེར་གྱི་རང་དབང་ལ་ཕོག་ཐུག་འགྲོ་གི ང་རང་སྤྱི་ཚོགས་ནང་འབུར་དུ་ཐོན་ནས་འུར་སློང་ཡ་ལ་དེ་ཙམ་དགའ་པོ་མེད། ཕྱོགས་གཅིག་ནས་རྩོམ་འབྲི་རྒྱུའི་སྤྲོ་སྣང་ཡང་ཏོག་ཙམ་ཡལ་འདུག ཡིན་ནའང་རྗེས་མར་ཡུལ་གྲུ་སྣ་ཚོགས་ལ་བསྐྱོད་རྒྱུའི་གོ་སྐབས་བྱུང་ཚེ་ཡུལ་སྐོར་ཟིན་ཐོ་དེ་མུ་མཐུད་ནས་བྲི་དགོས་བསམས་བསྡད་ཡོད།

དྲི་བ། ད་ལྟ་ང་ཚོའི་སྤྱི་ཚོགས་སུ་ཉེན་ཁ་ཆེ་ཤོས་ཤིག་ཞོག་ལབ་ན།ཁྱེད་ཀྱིས་གང་འཇོག་ས་རེད།

ལན། ངའི་མཐོང་ཚུལ་བྱས་ནས། མི་ལས་མེད་མང་དྲགས་པ་འདི་ཉེན་ཁ་ཆེ་ཤོས་རེད་སེམས་ཀྱི། ཁྱེད་རྣམ་པས་སྤྱི་ཚོགས་ནང་ཞིབ་ཚགས་པོས་གཟིགས་དང་། ཆེད་མངགས་དམིགས་ཡུལ་ཡོད་པའི་སྒོ་ནས་སྣེ་འཁྲིད་མཁན་རེ་ཟུང་ཕུད། དྲྭ་ཐོག་ནས་བློ་སྤེན་གྱི་དར་ཆ་འཕྱར་ཏེ་ཆོལ་ཁའི་འཐབ་རྩོད་བྱེད་མཁན་མི་ལུད་མང་ཆེ་བ། དགོན་པའི་ནང་གི་གྲྭ་བཙུན་དང་། ལས་ཀ་མེད་པའི་ཨང་ཀལ་ཨན་ཊི(Uncle Aunty)ཚོ་རེད་འདུག ལས་མེད་ཀྱི་མི་ལུད་ཇི་ཙམ་མང་ན་དེ་ཙམ་གྱིས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱེལ་གྱི་ཡོད། ལས་ཀ་ཡོད་པའི་མི་དེ་ཚོར་དོན་དག་ཆོ་མེད་པའི་རིགས་ལ་དོ་སྣང་སྤྲོད་ལོངས་ཡོད་པ་མ་རེད། ཁོ་ཚོས་ཁ་ནས་བོད་དང་བོད་ཀྱི་རིག་གཞུང་སོགས་ལབ་ཤེས་མིན་གང་ལྟར་ཡང་། དོན་དུ་ངོས་དང་ཟུར་གང་རུང་ནས་སྤྱི་ཚོགས་ཀྱི་སྟོང་ཆ་སྐོང་གི་ཡོད་རེད། སྤྱི་ཚོགས་ཤིག་ལ་མཚོན་ན། ལས་མེད་ལབ་རྡོལ་བ་འབུམ་རམས་པའི་ལག་ཁྱེར་ཡོད་མཁན་བརྒྱ་ལས། རང་གི་ལས་ཀ་ལ་ཧུར་ཐག་འབད་ཐག་བྱེད་མཁན་སྲང་ལམ་གྱི་བག་ལེབ་འཚོང་མཁན་ཞིག་ལྡབ་མང་པོས་རིན་ཐང་ཆེ་གི་རེད། 

ཁྱེད་ཀྱིས་རིན་བྲལ་གྱི་དུས་ཚོད་བཏང་ནས་ང་ཚོའི་དྲི་བར་ལན་འདེབས་གནང་བར་ཐུགས་རྗེ་ཆེ།
བང་ཆེན་ཚང་གིས་ང་ལྟ་བུ་གླེང་རིན་མེད་པའི་མི་ཞིག་གི་བསམ་འཆར་ལ་གོ་སྐབས་འདི་འདྲ་གནང་བར་བཀའ་དྲིན་ཆེ། ཐུགས་རྗེ་ཆེ།

བཅར་འདྲི་ཞུ་མཁན། གསར་འགོད་པ་བསྟན་འཛིན་ལམ་བཟང་། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||