ཁྲིམས་ལ་མཁས་པ་ཞིག་མེད་དམ།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༠ )

གྲོས་ཚོགས་ཚོགས་དུས་བདུན་པའི་ཐོག་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ཁྲིམས་ཞིབ་པའི་འོས་ཆོས་ལ་བསྐྱར་བཅོས་ཐུབ་མེད། བཅའ་ཁྲིམས་དོན་ཚན་རེ་གསུམ་པའི་ནང་གསེས་གཉིསཔའི་ག་པ། “ཁྲིམས་ཁང་ཞིག་ནང་ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཡང་ན་ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་བཅས་ལ་མ་གཏོགས་འོས་བབ་ཡོད་པ་མ་ཡིན། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང༌། ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་གཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་གནང་མི་དགོས།”ཞེས་གསལ་བ་བཞིན། ལོ་ལྔའི་རིང་མུ་མཐུད་ཁྲིམས་དཔོན་གྱི་ལས་འཁུར་བྱས་མྱོང་བའམ། ཉུང་མཐར་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པའི་འོས་མི་ཞིག་རྙེད་མེད། བཅའ་ཁྲིམས་གཏན་འབེབས་བྱས་ནས་གོང་གསལ་ཆ་རྐྱེན་ཚང་མི་དགོས་པའི་དུས་ཡུན་ཕྱི་ལོ་༢༠༢༡ ཟླ་༦ ཚེས་༢༨ ཉིན་རྫོགས་ཟིན།

ད་ལྟའི་ཆར་གོང་གསལ་བཞིན་ཁྲིམས་ཞིབ་པ་ཆེ་བའམ་ཁྲིམས་ཞིབ་པ་གཞན་གཉིས་འོས་ཆོས་ཚང་མཁན་ཞིག་མ་རྙེད་པའི་དཀའ་ངལ་ཡོད་པ་མ་ཟད། ཕྱོགས་གཅིག་ནས་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་དམ་འབུལ་བྱ་ཡུལ་མེད་པའི་དཀའ་ངལ་ཡང་ཡོད། ཁྲིམས་ཞིབ་པའི་དམ་འབུལ་བྱ་ཡུལ་བསྐྱར་བཅོས་གཏན་འབེབས་བྱ་རྒྱུ་ཡིན་པས། རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་འཐོབ་ཐུབ་མིན་བཤད་དཀའ། གལ་སྲིད་གྲོས་ཚོགས་ནས་རྒྱབ་སྐྱོར་ཐོབ་པའི་དབང་དུ་བཏང་ནའང་གོང་གསལ་འོས་ཆོས་ཚང་མཁན་ཞིག་རག་ཐུབ་མིན་ནི་དེ་བས་ཀྱང་བཤད་དཀའ། འདས་པའི་མི་ལོ་༦༥ ཙམ་གྱི་རིང་ལ་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཁྲིམས་ལུགས་སློབ་སྦྱོང་བྱས་ནས་དེང་དུས་ཀྱི་ཁྲིམས་ལ་མཁས་ཤིང་། གནས་ཡུལ་རྒྱ་གར་རམ་ཕྱི་རྒྱལ་ཡུལ་གྲུ་གང་ཞིག་གི་ཁྲིམས་ཁང་དུ་ཁྲིམས་དཔོན་གྱི་ལས་ཁུར་མུ་མཐུད་ལོ་ལྔའི་རིང་ཁུར་མྱོང་མཁན་དང་། ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་མྱོང་བ་ཞིག་མེད་པ་བློ་ཕམ་གྱི་རང་བཞིན་དུ་ངོས་འཛིན་བྱེད་ཆོག

གཞན་བཅའ་ཁྲིམས་ཀྱི་ཐོག་ནས་ད་ལྟ་འཕྲད་བཞིན་པའི་དཀའ་ངལ་ཆེ་ཤོས་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་དམ་བཅའ་འབུལ་ཡུལ་དང་། སྤྱི་འཐུས་ཚོགས་གཙོ་དང་ཚོགས་གཞོན་སྤྱི་འཐུས་རྣམ་པ་བཅས་ཀྱི་དམ་བཅའ་འབུལ་ཡུལ་བཅས་བསྐྱར་བཅོས་ཐུབ་ཡོད། ད་དུང་འོས་བསྡུའི་འགན་འཛིན་དང་རྩིས་ཞིབ་སྤྱི་ཁྱབ་པའི་དམ་བཅའ་འབུལ་ཡུལ་བསྐྱར་བཅོས་བྱ་རྒྱུ་དེ་ཡང་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད། ད་ཡོད་འོས་བསྡུའི་འགན་འཛིན་གྱི་དུས་ཡུན་རྫོགས་ལ་ཉེ་བས། འོས་བསྡུའི་འགན་འཛིན་དམ་འབུལ་བྱ་ཡུལ་མེད་ན་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་དམ་བཅའ་འབུལ་ཡུལ་བསྐྱར་བཅོས་ཐུབ་པ་ཙམ་གྱིས་ཕན་ཐོགས་མེད་པར། ཁྲིམས་མཐུན་གྱི་ཐོག་ནས་འོས་བསྡུའི་ལས་རིམ་འགྲོ་ཐབས་གཏན་ནས་མེད། རྩིས་ཞིབ་སྤྱི་ཁྱབ་པ་བགྲེས་ཡོལ་དུ་ཕེབས་ནས་ལོ་གཅིག་ཙམ་སོང་ཡང་། དམ་བཅའ་འབུལ་ཡུལ་མེད་པས་རྩིས་ཞིབ་སྤྱི་ཁྱབ་པ་གསར་འདེམས་མ་ཐུབ་པར་གལ་གནད་ཆེ་བའི་གསང་རྩིས་ཁག་ལ་ཁྲིམས་སྒྲིག་གི་དགོངས་དོན་བཞིན་རྩིས་ཞིབ་བྱེད་མཁན་གཏན་ནས་མེད།

གཙོ་ཆེ་ཤོས་ཁྲིམས་ཞིབ་པའི་འོས་ཆོས་ཚང་བའི་མི་སྣ་ཞིག་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་གཏན་ནས་མེད་པ་ཡིན་ནམ། གལ་སྲིད་ཡོད་པའི་དབང་དུ་བཏང་ནའང་བོད་ཀྱི་སྐད་ཡིག་རིག་གནས་མི་ཤེས་མཁན་དང་། སྐད་ཡིག་ཅུང་ཙམ་ཤེས་ནའང་བཙན་བྱོལ་བོད་གཞུང་གི་ཁྲིམས་སྒྲིག་ཁག་དང་། ལས་དོན་བྱེད་སྟངས་ལ་ཤེས་རྒྱ་དང་ཉམས་མྱོང་ཆེན་པོ་མེད་ན་བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་བྱེད་ཐུབ་ཐབས་མེད་པ་ལྟ་བུར་གྱུར་ཡོད། ད་དུང་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་དུ་གཙོ་ཆེ་ཤོས་བོད་མིའི་སྒྲིག་འཛུགས་ཀྱི་ཁྲིམས་སྒྲིག་ཁག་གི་གོ་དོན་འགྲེལ་བརྗོད་བྱེད་སྟངས་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ཀྱི་རྩོད་རྙོག་ཁག་འདུམ་སྒྲིག་བྱ་རྒྱུ་ཙམ་ལས། ནག་ཉེས་སོགས་ཡུལ་ཁྲིམས་དང་འབྲེལ་བ་ཡོད་པའི་གནད་དོན་མང་པོ་ཞིག་ཐག་གཅོད་བྱ་རྒྱུའི་དབང་ཆ་མེད་པས། དཔེར་ན་རྒྱ་གར་གྱི་ཁྲིམས་ཁང་ཞིག་ཏུ་ཁྲིམས་དཔོན་བྱེད་མྱོང་མཁན་དང་། ཡང་ན་ཁྲིམས་རྩོད་པ་མཁས་པ་ཡིན་པ་ཙམ་གྱིས་ཕན་ཐོགས་དེ་ཙམ་ཡོད་མེད་ཀྱང་བཤད་དཀའ།

མདོར་ན་བོད་མིའི་སྒྲིག་འཛུགས་དེ་ཁྲིམས་དང་མཐུན་པའི་ཐོག་ནས་མཇུག་སྐྱོང་དགོས་པ་དེ་ཧ་ཅང་གལ་ཆེན་པོ་ཡིན་པས། གོང་གསལ་ཆ་རྐྱེན་ཚང་བའི་ཁྲིམས་ཞིབ་པའི་འོས་མི་ཞིག་མ་རག་ན་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ཁྲིམས་ཞིབ་པ་གསར་འདེམས་བྱེད་ཐུབ་ཐབས་མེད་པ་དང་། དམ་བཅའ་འབུལ་ཡུལ་ལ་བསྐྱར་བཅོས་མ་ཐུབ་ན་འོས་ཆོས་ཚང་མཁན་ཡོད་ཀྱང་ཕན་ཐོགས་མེད་པར་གྱུར་ཟིན། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ནི་དེང་དུས་ཀྱི་ཁྲིམས་ལུགས་ལ་མཁས་དགོས་ཀྱང་། གཙོ་བོ་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ལ་མཁས་པ་ཞིག་མིན་ན་དོན་དངོས་ཀྱི་ལས་དོན་བྱེད་ཐུབ་ཐབས་གཏན་ནས་མེད་པས། ད་ལན་འོས་ཆོས་ཀྱི་དུས་ཡུན་ཕར་འགྱང་མ་ཐུབ་པ་དེའང་བློ་ཕམ་གྱི་རང་བཞིན་ཞིག་ཏུ་གྱུར་ཡོད། ཁྲིམས་ཞིབ་ཁང་ཚད་ལྡན་ཞིག་མེད་ན་ལས་དོན་གང་གི་ཐད་ནས་ཁྲིམས་མེད་ལུགས་མེད་དུ་འགྱུར་རྒྱུའི་ཉེན་ཁའང་ཡོད་པས་མང་གཙོའི་ཀ་བ་གསུམ་ཚང་དགོས་པ་དེ་གལ་ཆེན་པོར་གྱུར་ཡོད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||