གཞས་པ་གྲགས་ཅན་ཝུ་ཡི་ཧྥན་ལ་བཙན་གཡེམ་གྱི་ནག་ཉེས་འོག་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཟླ་འདིའི་ཚེས་༢༦ ཉིན་བྷི་བྷི་སི་གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་པི་ཅིང་ཁྲིམས་ཁང་ནས་ཁེ་ན་ཌའི་མི་སེར་དང་སྐྱེས་ཡུལ་རྒྱ་ནག་ནས་ཡིན་པ་གཞས་པ་གྲགས་ཅན་ཝུ་ཡི་ཧྥན་འམ་ཁེར་སི་ཝུ་ཡིས། ཕྱི་ལོ་ ༢༠༢༠ ལོའི་ཕྱི་ཟླ་ ༡༡ དང་༡༢ ནང་ཚུད་དུ་ཁོ་པའི་ནང་ལ་སློབ་ཕྲུག་བུ་མོ་གསུམ་ལ་བཙན་དབང་གིས་ཆང་རག་རིགས་བཏུང་བཅུག་པ་དང་། རྗེས་སུ་ཁོང་ཚོ་ར་བཟི་རྗེས་བཙན་གཡེམ་བྱས་ཡོད་པ་ར་འཕྲོད་ནས། ཁོ་ལ་ལོ་ངོ་༡༣གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཐོན་འདུག      

དེ་སྔོན་ཕྱི་ལོ་༢༠༢༡ ལོའི་ཕྱི་ཟླ་༧ པའི་ཚེས་༨ ཉིན་ཝུ་ཡི་ཧྥན་གྱི་བཙན་གཡེམ་གནོད་འཚེ་ཕོག་ཡུལ་སློབ་ཕྲུག་(Du meizhu)ཟེར་བ་ལོ་༡༩ ལ་སོན་པ་ཞིག་གིས་(wei bo )དྲྭ་བ་བརྒྱུད། ཝུ་ཡི་ཧྥན་གྱི་ཁོ་མོ་ཚུད་པའི་བུད་མེད་༣༠ ལས་མང་བ་དང་གཞོན་ནུ་མ་གཞན་ཁ་ཤས་ལ་ཡང་བཙན་གཡེམ་བྱས་སོང་ཞེས་འགྲེམས་སྤེལ་བྱས་རྗེས། ཝུ་ཡི་ཧྥན་གྱི་ངོས་ལེན་མ་བྱས་ཀྱང་། ཁོ་པའི་སྦྱིན་བདག་གིས་ཚོང་འབྲེལ་མཚམས་འཇོག་དང་ཁོ་པའི་སྤྱི་ཚོགས་དྲྭ་ལམ་གྱི་ཁ་བྱང་དང་གཞས་རྣམས་རྒྱ་ནག་གི་སྡིངས་ཆ་ནས་བསུབ་ཡོད་འདུག

ཝུ་ཡི་ཧྥན་གྱིས་ནམ་རྒྱུན་བུ་མོ་དེ་ཚོས་དོགས་པ་མི་ཟ་བའི་ཆེད། ཐད་ཀར་སློབ་ཕྲུག་བུ་མོ་དེ་ཚོ་དང་འབྲེལ་བ་མི་བྱེད་པར། ཁོ་པའི་བར་ཁེ་བ་བུ་མེད་ཞིག་ཡོད་པ་དེས་སློབ་ཕྲུག་བུ་མོ་དེ་ཚོ་ལ་ལས་ཀའི་དགོས་མཁོ་ཡིན་ལུགས་བརྗོད་ནས་ཁོང་ཚོའི་ལོ་དང་མིང་སོགས་ཐོ་བཀོད་བྱས་རྗེས། རྗེས་སུ་ཝུ་ཡི་ཧྥན་གྱི་ལས་ཀའི་སྐོར་སྐད་ཆ་བཤད་རྒྱུ་ཡོད་ལུགས་བརྗོད་ནས་བུ་མོ་དེ་ཚོ་ཁོ་པའི་ནང་ཐུགས་སྤྲོ་རུ་མགྲོན་འབོད་བྱས་རྗེས་ཆང་རག་སོགས་བཙན་དབང་གིས་བཏུང་བཅུག་ནས་ཁོ་ཚོ་ར་བཟི་རྗེས་བཙན་གཡེམ་བཏང་ཡོད་རབས་བརྗོད་འདུག

ཝུ་ཡི་ཧྥན་ནི་ད་ལྟ་ལོ་༣༢ཡིན་ཞིང་ཁོ་པ་ནི་རྒྱ་ནག་ནང་གཞས་མ་གཏམ་གཏོང་མཁན་དང་གློག་བརྙན་འཁྲབ་མཁན། དེ་བཞིན་གྱོན་ཆས་དཔེ་གསར་དྲིལ་བསྒྲགས་བྱེད་མཁན་དང་སྡིངས་ཆའི་ཐོག་འགྲེམས་སྟོན་འདྲ་མིན་ཐོག་ལ་ཟུར་དཔང་བྱས་མྱོང་ཡོད་མཁན་ཡིན་པས། ཤིན་ཏུ་སྐད་གྲགས་ཅན་གྱི་མི་སྣ་ཞིག་ཡིན་འདུག་ཀྱང་། ཁོ་པས་བཙན་གཡེམ་གྱི་ཉེས་པ་བསགས་པར་བརྟེན་ཚོང་རྟགས་གྲགས་ཅན་མང་པོས་གནས་སྐབས་རིང་ཚོང་འབྲེལ་མཚམས་འཇོག་བྱས་འདུག །

གསར་འགོད་པ་བདེ་སྒྲོན། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||