གོ་མཚོན་གྱི་ཆ་ཤས་ཨ་རི་སོགས་ནས་ཡིན་པའི་བྱང་ཀོ་རི་ཡའི་གོ་མཚོན་གྱིས་ཡུག་རེན་གྱི་མི་གསོད་བཞིན་པ།

ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་ལོ་གཉིས་ཙམ་འགྲོ་བཞིན་ཡོད་པ་དང་། ཡུག་རེན་ལ་ནུབ་ཕྱོགས་པའི་རྒྱལ་ཁབ་ཚོས་གོ་མཚོན་མང་པོ་སྤྲོད་ཀྱི་ཡོད་པའི་སྐབས་འདིར། ཨུ་རུ་སུ་ཡིས་བྱང་ཀོ་རི་ཡ་ནས་གོ་མཚོན་མང་མོ་ཉོས་ནས་ཡུག་རེན་གྱི་མི་མང་པོ་གསོད་བཞིན་ཡོད་འདུག

ཕྱི་ཚེས་༧ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཡུག་རེན་གྱི་མི་སེར་ཡིན་པའི་གོ་མཚོན་སྐོར་ཞིབ་འཇུག་བྱེད་མཁན་བུད་མེད་(Khrystyna Kimachuk)ཟེར་བ་ཞིག་གིས་ཨུ་རུ་སུས་ཡུག་རེན་ནང་གི་དམག་འཁྲུག་ཁྲོད་དུ་གཡུགས་པའི་གོ་མཚོན་རྣམས་ལ་ཞིབ་མཇུག་བྱེད་དུས་རྙེད་སོན་བྱུང་བ་ཞིག་ལ། གོ་མཚོན་གྱི་ཆག་རོ་མང་པོ་ཞིག་གི་ཐོག་ཏུ་ཀོ་རི་ཡའི་ཡི་གེ་བྲིས་ཡོད་འདུག ཡུག་རེན་གྱི་དམག་མི་རྣམས་ཀྱིས་བརྗོད་དོན་ལ་ཨུ་རུ་སུ་ཡིས་བྱང་ཀོ་རི་ཡའི་གོ་མཚོན་མང་པོ་དམག་འཁྲུག་ཁྲོད་བེད་སྤྱོད་བཏང་བའི་རྐྱེན་གྱིས་ཡུག་རེན་གྱི་མི་མང་པོ་བསད་ཡོད་པར་བརྗོད་འདུག ཡུག་རེན་གྱི་བུད་མེད་དེས་དམག་འཁྲུག་ཁྲོད་བེད་སྤྱོད་བཏང་བའི་གོ་མཚོན་དེ་དག་གང་ནས་བཟོས་པ་དང་རྒྱུ་ཆ་ག་རེས་བཟོས་མིན། གང་འདྲ་བྱས་ནས་བཟོས་སོགས་ཀྱི་སྐོར་ཞིབ་མཇུག་བྱེད་དུས་རྙེད་སོན་བྱུང་བ་ཞིག་ལ། གོ་མཚོན་མང་པོ་ཞིག་གི་ཆ་ཤས་འགའ་རེ་ནི་ཨ་རི་ནས་བཟོས་ཡོད་འདུག་པ་དང་།

ཡང་འགའ་ཤས་ཡུ་རོབ་ནས་བཟོས་པའི་གོ་མཚོན་གྱི་ཆ་ཤས་ཡིན་འདུག་པས། ཆ་ཤས་དེ་དག་བསྡུས་ནས་བྱང་ཀོ་རི་ཡས་གོ་མཚོན་བཟོ་ཡི་ཡོད་འདུག བྱང་ཀོ་རི་ཡའི་གོ་མཚོན་མང་པོ་ཨུ་རུ་སུ་ལ་བཙོངས་ནས་གོ་མཚོན་དེ་དག་ཡུག་རེན་གྱི་དམག་སའི་ཁྲོད་བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག གོ་མཚོན་ཁ་ཤས་ཀྱི་ཆ་ཤས་འགའ་རེ་འདིི་ལོའི་ཕྱི་ཟླ་༣ ནང་ཨ་རི་ནས་བཟོས་ཡོད་པ་ཡང་ཤེས་རྟོགས་བྱུང་ཡོད་འདུག ཧང་སངས་དགོས་པ་ཞིག་ལ་བྱང་ཀོ་རི་ཡའི་རྒྱལ་ཁབ་དེ་ལོ་ངོ་བཅུ་ཕྲག་འགའ་ཤས་སྔོན་ནས་ནུབ་ཕྱོགས་རྒྱལ་ཁབ་ཚོའི་དཔལ་འབྱོར་ཉེས་ཆད་ཀྱི་དབང་འོག་ཏུ་སྡོད་བཞིན་ཡོད་ཀྱང་། བྱང་ཀོ་རི་ཡ་ལ་དགོས་པའི་ཐོན་ཁུངས་མང་པོ་ཞིག་རག་ཐུབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

དབྱིན་ཡུལ་གྱི་རྒྱལ་སར་ཡོད་པའི་ཉམས་ཞིབ་ལྟེ་གནས་ཁང་(Royal United Services Institute)ཟེར་བ་དེའི་ཉམས་ཞིབ་པ་(Joseph Byrne)ཟེར་བ་ཡིས། ངས་བྱང་ཀོ་རི་ཡའི་གོ་མཚོན་གྱིས་ཡུ་རོབ་ཀྱི་ས་ཐོག་ཏུ་མི་གསོད་ཡོང་བསམ་པའི་བསམ་བློ་འཁོར་མ་མྱོང་། འོན་ཀྱང་། ལོ་སྔོན་མའི་ཕྱི་ཟླ་༡༠ པའི་ནང་བྱང་ཀོ་རི་ཡའི་སྲིད་འཛིན་ཨུ་རུ་སུ་ལ་ལྟ་སྐོར་འགྲོ་དུས་གོ་མཚོན་ཚོང་འབྲེལ་བྱེད་སྲིད་པའི་ཚོད་དཔག་བྱས་པ་བཞིན་གོ་མཚོན་ཚོང་འབྲེལ་བྱས་ཡོད་འདུག ད་ཆར་ང་ཚོས་འཁོར་སྐར་བརྒྱུད་ནས་རྙེད་སོན་བྱུང་བ་ཞིག་ལ་ཨུ་རུ་སུའི་ཅ་དངོས་དབོར་འདྲེན་བྱེད་མཁན་གྲུ་གཟིངས་བཞི་ཨུ་རུ་སུ་དང་བྱང་ཀོ་རི་ཡ་གཉིས་བར་ཕར་འགྲོ་ཚུར་ཡོང་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་སོང་ལ། དེ་བཞིན་གྲུ་གཟིངས་ནང་དོ་པོ་༧༠༠༠ ཙམ་ཨུ་རུ་སུ་ལ་བཏང་ཡོད་པ་ཚོད་དཔག་བྱེད་ཀྱི་ཡོད་ཅེས་བརྗོད་འདུག དོ་པོ་དེ་དག་ནང་གོ་མཚོན་དང་མདེའུ་སོགས་བླུགས་ཡོད་འདུག འོན་ཀྱང་། ཨ་རི་དང་དབྱིན་ཡུལ། ལྷོ་ཀོ་རི་ཡ། བྱང་ཀོ་རི་ཡ་བཅས་ཀྱི་གསང་བའི་ལས་ཁུངས་དག་གིས་ཁས་ལེན་བྱེད་ཀྱི་ཡོད་མི་འདུག སྤྱིར་བཏང་བྱང་ཀོ་རི་ཡས་ཕྱི་ལོ་༡༩༨༠ ཙམ་ནས་གོ་མཚོན་མང་པོ་ཞིག་དཀྱིལ་ཤར་ཡུལ་གྲུ་ཁག་དང་། ཨ་ཧྥི་རི་ཀའི་གླིང་ཕྲན་སོགས་ཀྱི་ནང་བཙོངས་ཡོད་འདུག་པར་བརྟེན། ད་ཆར་ཧ་མ་སིའི་དྲག་སྤྱོད་པས་ལོ་སྔོན་མའི་ཕྱི་ཟླ་༡༠ ཚེས་༧ ཉིན་བྱང་ཀོ་རི་ཡས་བཙོངས་པའི་གོ་མཚོན་དེ་དག་གྷ་ཛ་དང་ཨི་སི་རེལ་ནང་བེད་སྤྱོད་བྱེད་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག ཉེ་ཆར་ལྷོ་ཀོ་རི་ཡས་ཤེས་རྟོགས་བྱུང་བ་ཞིག་ལ་བྱང་ཀོ་རི་ཡའི་གོ་མཚོན་དོ་པོ་༦༧༠༠ ཙམ་ཞིག་ཨུ་རུ་སུ་ལ་བཏང་ཡོད་ཚུལ་དང་། བྱང་ཀོ་རིའི་གོ་མཚོན་བཟོ་གྲྭ་དེ་དག་དུས་རྒྱུན་ནས་གོ་མཚོན་བཟོ་སྐྲུན་བྱེད་བཞིན་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག ད་ཆར་ཡུག་རེན་དང་ཨུ་རུ་སུ་གཉིས་ཀྱི་དམག་འཁྲུག་ཁྲོད་ནས་ཁེ་ཕན་ཆེ་ཤོས་བྱང་ཀོ་རི་ཡ་ལ་རག་གི་ཡོད་འདུག རྒྱུ་མཚན་ནི་ཨུ་རུ་སུ་ལ་གོ་མཚོན་འཚོང་མཁན་གཙོ་བོ་གཅིག་བྱང་ཀོ་རི་ཡ་ཡིན་པ་དང་། བྱང་ཀོ་རི་ཡས་ཨེ་ཤེ་ཡའི་རྒྱལ་ཁབ་གཞན་ནས་གོ་མཚོན་བཟོ་ཆེད་ཀྱི་རྒྱུ་ཆ་དག་ཉོས་ནས་གོ་མཚོན་བྱང་ཀོ་རི་ཡའི་ནང་བཟོ་ཡི་ཡོད་འདུག བྱང་ཀོ་རི་ཡའི་གོ་མཚོན་གྱི་རྒྱུ་ཆ་ཉོ་ཆེད་ཀྱི་དངུལ་ཕལ་ཆེ་བ་དྲྭ་ཐོག་ནས་རྐུ་ཇག་རིགས་བྱས་ནས་དངུལ་གསོག་གི་ཡོད་འདུག 

ཨུ་རུ་སུ་ནས་བྱང་ཀོ་རི་ཡས་འབྲུ་དང་གྲོ་སོགས་འབྲུ་རིགས་ནང་འདྲེན་བྱེད་ཀྱི་ཡོད་འདུག ད་ལྟ་ནུབ་ཕྱོགས་རྒྱལ་ཁབ་ཚོའི་སེམས་ཁྲལ་ཆེ་ཤོས་བྱེད་ས་ནི་བྱང་ཀོ་རི་ཡའི་ནང་གོ་མཚོན་ཕོན་ཆེན་པོ་བཟོས་ནས་རྒྱལ་ཁབ་གཞན་ལ་འཚོང་བ་དང་། དེ་བཞིན་རྒྱ་ནག་དང་ཨུ་རུ་སུ་དང་བྱང་ཀོ་རི་ཡ། ཨི་རན་སོགས་མཉམ་འབྲེལ་ཐོག་ནས་ཨི་རན་ནང་རྡུལ་ཕྲན་མཚོན་ཆ་བཟོ་སྲིད་པའི་ཚོད་དཔག་བྱེད་པ་སོགས་ཡིན་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||