གྲོས་ཚོགས་རྣམ་དཔྱོད་སྟོན་ས་རེད།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༩)

རྒྱ་ནག་ནས་མཆེད་པའི་ཏོག་དབྱིབས་གཉན་རིམས་བཅུ་དགུ་པ་ཁྱབ་བརྡལ་ཤུགས་ཆེ་འགྲོ་བཞིན་པའི་སྐབས། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན་དང་སྤྱི་འཐུས་རྒྱུན་ལས་ཚང་མའི་འདེམས་བྱེད་ཀྱི་ཐོབ་ཐང་འཕྲོགས་པ་དང་། དེའི་རྗེས་སུ་གྲོས་ཚོགས་ནས་བཅའ་ཁྲིམས་ཀྱི་དགོངས་དོན་བཞིན་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་གཞན་གཉིས་བཅས་དུས་གཅིག་ཏུ་འཕོ་འགྱུར་བཏང་། ཁྲིམས་ཞིབ་པ་རྣམ་པས་རང་ངོས་ནས་ལས་གནས་མཚམས་འཇོག་བྱས་ཟིན་ནའང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ཁུལ་ཆབ་སྲིད་འཐེན་འཁྱེར་གྱི་རྩོད་རྙོག་དང་འབྲེལ་ནས་སླར་ཡང་རྒྱ་ཆེ་རུ་བཏང་། རིམ་པས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱང་དོན་གྱིས་སྦོ་ལུག་ནས་ད་ལྟའི་ཆར་ཁྲིམས་སྒྲིག་བསྐྱར་བཅོས་ཀྱི་ལམ་ནས་འགྱུར་བ་ཞིག་གཏོང་མ་ཐུབ་ན། བཙན་བྱོལ་བོད་གཞུང་ངམ་བོད་མིའི་སྒྲིག་འཛུགས་ཀྱང་ཁྲིམས་ལུགས་ལ་བརྟེན་ནས་འཛིན་སྐྱོང་བྱེད་ཐབས་གཏན་ནས་མེད་པར་འགྱུར་རྒྱུ་ཉག་གཅིག་ཡིན།

གནད་དོན་དེ་བྱུང་ནས་གྲོས་ཚོགས་ཀྱི་ཁོར་ཡུག་ཀྱང་སྡུག་ཏུ་ཕྱིན་ཏེ་གནད་དོན་མང་པོ་ཞིག་ཕྱོགས་ཁག་རང་བཞིན་གྱི་ཐོག་ནས་ཐག་གཅོད་ཐུབ་མེད་ལ། སྐབས་རེ་ཕན་ཚུན་བློ་ཁོག་ཡོད་མདོག་གིས་ཚིག་མཚོན་འདེབས་རེས་ཀྱང་བྱེད་བཞིན་ཡོད། ཕྱོགས་ཕན་ཚུན་འདོད་པ་མི་མཐུན་པ་རེ་བྱུང་ཚེ་ཡང་ཡང་གྲོས་ཚོགས་འཚོགས་མི་ཐུབ་པའི་གནས་ཚུལ་ཡང་བྱུང་ཡོད། ལོ་སྔོན་མའི་ཕྱི་ཟླ་༩ པའི་ནང་དུ་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྡོམ་མ་ཐུབ་པ་དང་། ཕྱི་ཟླ་༡༢ པའི་ནང་མཇུག་སྐྱོང་གི་ཚོགས་འདུ་ཡང་འཚོགས་མ་ཐུབ་པས་མི་མང་ནང་དུའང་འུར་ཟིང་དང་རྩོད་རྙོག་སྣ་ཚོགས་བྱུང་ཡོད། ད་ལན་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་དང་འབྲེལ་བའི་གླེང་རྙོག་དེ་གཙང་སེལ་བྱུང་ནས་གྲོས་ཚོགས་མཇུག་སྐྱོང་ཐུབ་ཡོད་པ་དང་། གྲོས་ཚོགས་ཀྱི་ཁོར་ཡུག་ཀྱང་རྒྱུན་ལྡན་དུ་གྱུར་ཡོད། ད་ལྟ་སྔོན་རྩིས་གྲོས་ཚོགས་འདིའི་སྐབས་སུ་ཁྲིམས་སྒྲིག་བསྐྱར་བཅོས་ཐུབ་དང་མི་ཐུབ་ནི་བོད་མིའི་སྒྲིག་འཛུགས་འཆི་གསོན་གྱི་འགག་གནད་གཙོ་བོར་གྱུར་ཡོད།

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་བསྡོམས་གསུང་བཤད་གནང་སྐབས། སྤྱི་འཐུས་རྣམ་པས་གྲོས་ཚོགས་ནང་འགན་ཚུལ་བཞིན་མི་ཁུར་བར། ཕན་ཚུན་ཚིག་མཚོན་འདེབས་རེས་བྱེད་པ་དང་དཔའ་དང་དཔུང་པ་ངོམ་པའི་རྣམ་པ་ཡོད་པས། གྲོས་ཚོགས་ནི་རྣམ་དཔྱོད་དང་བློ་གྲོས་འདོན་ས་ཡིན་པ་ལས་བློ་ཁོག་ངོམ་ས་ཞིག་མིན་ཞེས་བསྡོམས་བརྒྱབ་ནས་གསུངས་སོང་། ད་ཆ་ཉིན་རེ་ཟུང་ནང་གྲོས་ཚོགས་ཀྱི་ཁོར་ཡུག་ནི་འདས་པའི་ལོ་ཁ་ཤས་ཀྱི་གནས་སྟངས་དང་བསྡུར་ན་ཞི་འཇམ་གྱི་རང་བཞིན་དུ་གྱུར་འདུག་པས། ཁོར་ཡུག་འདི་ལྟ་བུ་མུ་མཐུད་བྱུང་ན་ཁྲིམས་སྒྲིག་བསྐྱར་བཅོས་ཁག་ཀྱང་འགྲོ་ཐུབ་པའི་རེ་བ་ཆེན་པོར་མངོན། ཁྲིམས་སྒྲིག་གི་གཞི་འཛིན་ས་ཡོད་པའི་སྤྱི་ཚོགས་ཤིག་ཡིན་ན་མ་འོངས་པར་བོད་མིའི་སྒྲིག་འཛུགས་མུ་མཐུད་ཐུབ་པ་ལས། ཁྲིམས་སྒྲིག་གང་ཡང་མེད་པར་གྱུར་ཟིན་པའི་རྗེས་སུ་ཁ་ཤུགས་སུ་ཆེ་དང་། མགོ་བདེ་དྲན་འཕྲུལ་ཅན་ཁ་ཤས་ཀྱི་ཁེ་ཕན་ཉག་གཅིག་ཏུ་འགྱུར་ཉེན་ཡོད།

ཁྲིམས་དང་སྒྲིག་གཞི་རྩ་འཛིན་བྱེད་ས་གང་ཡང་མེད་པར་གྱུར་ཟིན་པའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ཀྱང་ཁ་འཐོར་དགུ་འཐོར་དུ་འགྱུར་ངེས་ཡིན་པ་དང་། ད་ལྟའི་ཆར་ཡང་གཞུང་ཁོངས་རང་སྐྱོང་སྡེ་ཚན་ཁག་ཅིག་མི་ཚང་སྒེར་རེ་ཟུང་གི་ཁེ་ཕན་ཙམ་དུ་གྱུར་ཟིན་པ་བཞིན། དབུས་ལས་ཁུངས་ཕལ་ཆེ་བ་རྒྱ་གར་གཞུང་ལ་ཁྲིམས་མཐུན་ཚོགས་པའི་ངོ་བོར་དེབ་སྐྱེལ་བྱས་ཡོད་པས་དཔལ་འབྱོར་གང་ཡོད་པ་ད་ཡོད་ལས་སྣེའི་ནང་གི་མགོ་བདེ་དྲན་འཕྲུལ་ཅན་རེ་ཟུང་གི་བེད་སྤྱོད་འོག་འགྲོ་ངེས་རེད། དེ་ལ་བརྟེན་ནས་གྱོང་གུད་ཆེ་ཤོས་རག་ས་ནི་མི་མང་དཀྱུས་མ་ཉམ་ཆུང་འབའ་ཞིག་ཡིན་པས། ད་བར་མི་ལོ་དྲུག་ཅུ་རེ་ལྔ་ཙམ་གྱི་རིང་༧གོང་ས་མཆོག་གིས་དབུས་མི་མང་པོ་ཞིག་གིས་འབད་བརྩོན་དུ་མ་ལ་བརྟེན་ནས་བྱུང་བའི་བཙན་བྱོལ་བོད་གཞུང་དེ་ད་ལྟའི་མི་རབས་འདིའི་ལག་ནས་འཇིག་ངེས་པ་མ་ཟད། བཙན་བྱོལ་བོད་གཞུང་འཐོར་ཞིག་ཏུ་སོང་ན་ནུས་པ་ཆེན་པོ་འདོན་མ་དགོས་པར་ཁེ་ཕན་ཆེ་ཤོས་རག་མཁན་རྒྱ་དམར་གཞུང་ཡིན་པས། ཕྱི་ནང་གང་ས་ནས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བྱེད་ངེེས་རེད།

མདོར་ན་གྲོས་ཚོགས་ནི་རྣམ་དཔྱོད་དང་བློ་གྲོས་འདོན་ས་ཡིན་པ་ལས། དཔའ་དང་དཔུང་པ་ངོམ་ས་ཞིག་མིན་པས། བསམ་ཚུལ་མི་མཐུན་པ་ག་འདྲ་ཡོད་ཀྱང་བཙན་བྱོལ་བོད་གཞུང་འཐོར་ཞིག་ཏུ་འགྲོ་རྒྱུའི་ཉེན་ཁར་ཐུག་དུས་ཚང་མས་འགན་ལེན་དགོས་པ་ཞིག་རེད། སྤྱི་ཚོགས་དྲ་ལམ་ཁག་ཏུ་ཕྱོགས་གང་རུང་གི་རྒྱབ་སྐྱོར་བ་ཡིན་མདོག་གིས་དཀྲོག་གཏམ་དང་འུར་སྒྲོག་ག་འདྲ་ཞིག་བྱས་ཀྱང་དེ་ལ་དོ་སྣང་བྱེད་རིན་མེད་པ་དང་། གྲོས་ཚོགས་ནང་རྩོད་གླེང་གི་རྣམ་པ་ཅི་འདྲ་ཞིག་ཡོད་ཀྱང་དེ་ལ་མི་མང་གིས་ཕྱོགས་ཁག་དང་དགྲ་གཉེན་གྱི་འདུ་ཤེས་དོར་ནས། རྩོད་གླེང་ཡོང་སའི་གནད་དོན་ལ་བསམ་བློ་གཏོང་ཐུབ་པ་ཞིག་ཆགས་ན། སྐབས་དེ་དུས་༧གོང་ས་མཆོག་གི་ཐུགས་རེ་བཞིན་བཙན་བྱོལ་བོད་གཞུང་གི་ལམ་ལུགས་དེ་མང་གཙོ་ཚད་དང་ལྡན་ཞིག་ཏུ་གྱུར་པ་རེད། བསམ་ཚུལ་མི་མཐུན་པ་ཡོད་པ་དང་བསམ་ཚུལ་མི་མཐུན་པ་ཡོད་པ་དེ་བཤད་སའི་ཁོར་ཡུག་ཡོད་པ་ནི་མང་གཙོའི་ལམ་ལུགས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཆེ་ཤོས་ཡིན་པའི་གོ་རྟོགས་དེ་ཚང་མར་ཡོད་དགོས།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||