ངོ་རྒོལ་དང་བོད་པའི་ལས་དབང་།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༧)

རྒྱ་དམར་གཞུང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་། བོད་ཕྱི་ནང་གཉིས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་རླབས་རྒྱུན་འཇགས་མ་མྱོང་ལ། རྒྱ་དམར་གཞུང་གིས་བོད་ནང་དུ་གདུག་རྩུབ་དང་མནར་གཅོད་ཀྱང་གཏན་ནས་མཚམས་འཇོག་མྱོང་མེད། རྒྱ་གཞུང་གི་བྱེད་སྟངས་དང་བོད་པའི་ངོ་རྒོལ་གཉིས་ཀྱང་ལྟོས་གྲུབ་ཀྱི་འབྲེལ་བ་འབའ་ཞིག་ཏུ་གྱུར་ཡོད་པས། དབྱངས་རྟ་དང་བསྟུན་ནས་རྡོག་བྲོ་རང་བཞིན་གྱིས་འཁྲབ་པ་དང་གཅིག་མཚུངས་ཡིན། རྒྱ་དམར་གཞུང་གིས་བོད་མི་རྣམས་ལ་རང་དབང་གི་ཐོབ་ཐང་ཁག་ལོངས་སུ་སྤྱོད་ཆོག་པ་དང་། བོད་ཀྱི་ཆོས་དང་རིག་གནས་སྲུང་སྐྱོབ་ལ་རོགས་རམ་ཡག་པོ་བྱས་ཡོད་ན་ད་ལྟའི་འགལ་བ་འདི་ལས་ཉུང་དུའང་སོང་ཡོད་སྲིད། རྩ་བས་རྒྱལ་ཁབ་ཀྱི་བདག་དབང་རྩོད་པའི་ལས་འགུལ་ནི་ཕུགས་རྒྱང་རིང་པོ་དང་། མི་རབས་མི་རྒྱུད་དང་འབྲེལ་བ་ཡོད་པས་གནས་སྐབས་ཀྱི་ཁེ་ཕན་ལ་བརྟེན་ནས་ཡོངས་སུ་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མིན། བོད་པས་དེ་མཚུངས་བཞིན་ངང་རྒྱུད་རིང་པོ་དང་འཆར་གཞི་བརྟན་པོའི་ཐོག་ནས་འཐབ་རྩོད་རྒྱུན་འཁྱོངས་བྱེད་དགོས།

ཕྱི་ལོ་༡༩༥༩ ཟླ་༣ ཚེས་༡༠ རང་དབང་སྒེར་ལངས་ཀྱི་ཉིན་མོ་ནི་བོད་མི་ཞིག་ཡིན་ཕྱིན་ཆད་ནས་དུས་ནམ་ཡང་དྲན་པ་བརྗེད་མི་རུང་ཞིང་། ཁྲག་དང་མིག་ཆུས་བྲིས་པའི་ལོ་རྒྱུས་ཀྱི་ལེའུ་ཞིག་ཏུ་གྱུར་ཟིན། བོད་ནང་དུ་རྒྱ་གཞུང་གི་དམ་དྲག་འོག་གསུམ་བཅུའི་དུས་དྲན་སྲུང་བརྩི་བྱེད་དཀའ་ཡང་། ཉིན་གཅིག་གི་དུས་ཚོད་ཙམ་ལས་ཚེ་སྲོག་གི་ཉེན་ཁ་གང་ཡང་མེད་པས། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་བཙན་བྱོལ་བོད་མི་རྣམས་ཉིན་གཅིག་དུས་གཅིག་གི་ལས་འགུལ་འདིར་ངེས་པར་དུ་མཉམ་ཞུགས་བྱེད་ཐུབ་དགོས། འཛམ་གླིང་མི་མང་གི་མདུན་དུ་བོད་ཀྱི་བདེན་དོན་ལོ་རྒྱུས་ངོ་སྤྲོད་བྱེད་པའི་དུས་ཚོད་གལ་ཆེན་ཞིག་དང་། རང་ཉིད་རྒྱལ་ཁབ་ཤོར་བའི་སྐྱབས་བཅོལ་བ་ངོ་མ་ཞིག་ཡིན་པའི་དྲན་གསོ་བྱ་རྒྱུ་ཡང་རང་དབང་ལུང་པར་གནས་སྡོད་བྱེད་མཁན་ཞིག་གི་ངོས་ནས་ཧ་ཅང་གལ་ཆེན་པོར་གྱུར་ཡོད། ལྷག་པར་དུ་ད་ལྟའི་ཆར་ཡང་བོད་ནང་གདུག་རྩུབ་མནར་གཅོད་མྱོང་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱེད་པའི་དུས་ཚོད་ཅིག་ཀྱང་ཡིན།

གལ་ཆེ་བའི་ཉིན་མོ་འདི་ཡང་སྣང་མེད་དུ་གཏོང་བར་ཅི་མི་སྙམ་མཁན་གྱི་བོད་པ་ཞིག་ལ་མཚོན་ན། བོད་རིགས་སུ་སྐྱེས་ཀྱང་བོད་པ་མཚན་ཉིད་ཚང་བ་ཞིག་ཏུ་གྱུར་མེད། བོད་རྒྱལ་ཁབ་ཀྱི་ཆེད་གཅེས་པའི་ལུས་སྲོག་བློས་གཏོང་གནང་མཁན་བོད་མི་འབུམ་ཕྲག་མང་པོ་བྱུང་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་ཡོང་ངེས་རེད། སྐྱབས་བཅོལ་བོད་མི་ཞིག་གི་ངོས་ནས་ལོ་གཅིག་ནང་ཉིན་གཅིག་གི་དུས་ཚོད་བློས་གཏོང་རྒྱུ་ནི་དཀའ་ངལ་གང་ཡང་མེད་པ་ཞིག་རེད། གཞན་ཁ་ནས་རྫིག་པོ་བཤད། སྐྱབས་བཅོལ་ཞུ་སྐབས་རང་ཉིད་ཀྱི་ཁེ་ཕན་ཆེད་བོད་དང་བོད་མིའི་བདེ་སྡུག་བཤད་ནས་ཡིག་ཆ་རག་ཐབས་བྱེད་ཐུབ་པ་ཙམ་གྱིས་བོད་མི་རྣལ་མ་ཞིག་ཡིན་པའི་འགན་ཁུར་གཏན་ནས་འགྲུབ་མེད། མི་གཅིག་དབང་འཛིན་བྱེད་མཁན་རྒྱ་དམར་གཞུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས་པ་ལས། རྒྱ་དམར་གཞུང་ལ་སྤྲེལ་ལད་འཁྲབ་ནས་བོད་དང་བོད་མིའི་གནད་དོན་ཐག་གཅོད་ཡོང་ཆེད་དམིགས་བསལ་གྱི་ཁེ་ཕན་ཞིག་རག་ཐུབ་པའི་རེ་བ་བརྒྱབ་པ་ནི་རང་ཉིད་མགོ་སྐོར་བཏང་བ་ཙམ་ཡིན།

ད་ལྟའི་དུས་འདིར་རྒྱ་དམར་གཞུང་ལ་རྒྱལ་སྤྱིའི་ཐོག་ནས་ལྟ་སྟངས་སྡུག་ཏུ་སོང་ཡོད་པ་དང་། ཨ་རི་སོགས་སྟོབས་ཆེན་རྒྱལ་ཁབ་ཁག་གིས་རྒྱ་གཞུང་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་བྱེད་བཞིན་པའི་གོ་སྐབས་འདི་ནི། བོད་དང་། ཤར་ཏུར་ཀི་སི་ཐན་སོགས་རྒྱ་དམར་གཞུང་གི་བཙན་གནོན་འོག་ཡོད་མཁན་རྣམས་ལ་རྙེད་དཀའ་བ་ཞིག་རེད། ལྷོ་རྒྱ་མཚོའི་བདག་དབང་དང་། ཐའེ་ཝན་གྱི་གནད་དོན་སོགས་ནི་མ་འོངས་པར་རྒྱལ་སྤྱིའི་སྟེང་རྒྱ་ནག་ལ་ཁ་གཏད་གཅོག་པའི་ལག་ཆ་འབའ་ཞིག་ཡིན་པ་དང་། རྒྱ་ནག་དཔལ་འབྱོར་གྱི་འཕེལ་ཚད་དལ་དུ་ཕྱིན་ཞིང་། སྲིད་བློན་གྱིས་གཙོས་གནད་ཡོད་མི་སྣ་མང་པོ་ཞིག་ཞི་ཅིན་ཕིང་གི་འོག་ཏུ་གྲགས་འགུལ་གང་ཡང་མེད་པར་བསྒྱུར་བ། ལྐོག་ཟ་རུལ་སུངས་ལ་ཁ་གཡར་ནས་དཔོན་རིགས་མང་པོ་མགོ་རྟིང་བསློགས་པ་དང་། ཉེ་ཆར་ཕྱི་སྲིད་བློན་ཆེན་དང་། བདེ་སྲུང་བློན་ཆེན་གཉིས་ཀ་ཞི་ཅིན་ཕིང་གིས་མགོ་རྟིང་བསློགས་པ་སོགས་རྒྱ་ནག་ནང་དབང་ཆའི་འཐབ་རྩོད་ཀྱི་འགལ་བའི་མེ་ལྕེ་ཞིག་ཀྱང་སྤྱི་ཚོགས་ནང་འབར་ལ་ཉེ་བའི་རྒྱུ་རྐྱེན་ཚང་ཡོད།

མདོར་ན་གོང་གི་གནས་སྟངས་རྣམས་ཆབ་སྲིད་ཀྱི་འཁོར་ཕྱོགས་ཙམ་ཡིན་ཞིང་། བོད་ལ་མཚོན་ན་འཐབ་རྩོད་ཀྱི་གོ་སྐབས་གལ་ཆེན་ཞིག་ཏུ་གྱུར་ཡོད་ཀྱང་། དོན་དངོས་སུ་བོད་དོན་འཐབ་རྩོད་ནི་གཞན་གྱི་རྒྱབ་སྐྱོར་ཡོད་མེད་ཙམ་དང་འབྲེལ་བ་མེད་པར། བོད་ཀྱི་བུ་རབས་ཚ་རྒྱུད་རྣམས་རྒྱ་དམར་གཞུང་དང་རྒྱ་མི་རིགས་ཀྱི་དབང་བསྒྱུར་འོག་མནར་གཅོད་མྱོང་མི་དགོས་པ་དང་། ཇི་སྲིད་སའི་གོ་ལ་མ་འཇིག་པ་དེ་སྲིད་དུ་བོད་མི་རིགས་དང་བོད་རྒྱལ་ཁབ་གནས་དགོས་པ་དེ་གལ་ཆེ་ཤོས་ཡིན། ཇེའུ་མི་རིགས་ལ་མཚོན་ན་མི་ལོ་སྟོང་ཕྲག་གཉིས་ལྷག་གི་རིང་རྒྱལ་ཁབ་དུ་མར་སྐྱབས་བཅོལ་དུ་འགྲོ་དགོས་བྱུང་ཡང་། མི་རིགས་འདིའི་ངོས་ནས་རང་གི་རྒྱལ་ཁབ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་བྱས་ནས་མཐའ་མ་ཨི་ཟི་རེལ་རང་བཙན་གྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། བོད་པས་ཀྱང་རྒྱ་གཞུང་གི་བཙན་གནོན་འོག་ནས་ནམ་ཡང་ཐར་མི་སྲིད་སྙམ་པའི་བསམ་བློ་གཏན་ནས་གཏོང་མི་རུང་ལ།རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཡང་རྒྱུན་གཏན་ནས་འཆད་མི་རུང་། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||