ཆིངས་ཡིག་དོན་ཚན་ ༡༧ གྱི་རྒྱབ་ལྗོངས་གསར་པ།

                                                     ཉག་རོང་དོན་གྲུབ་ནས། 

       ལྐོག་གཡོའི་མགོ་སྐོར་ཐེབས་པ།

    མདང་དགོང་བོད་ཟླ་ ༠༢ པའི་ཚེས་ ༢༡ དང་ཕྱི་ཟླ་ ༠༣ པའི་ཚེས་ ༣༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༠༤ པའི་ཐོག །ཨ་བོད་མཛའ་འབྲེལ་ཚོགས་པའི་གོ་སྒྲིག་འོག་ས་མཐོ་ཨེ་ཤ་ཡའི་དཔེ་མཛོད་ཁང་དུ། རྩོམ་པ་པོ་འཇམ་དབྱངས་ནོར་བུ་ལགས་ནས། ཁོང་གི་གསར་བྲིས་དེབ་ཐེར་(བརྗེད་ཟིན་པའི་གངས་རིའི་བྲག་ཆའི་)ནང་གི་ཆ་ཤས། ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་རྒྱབ་ལྗོངས་སྐོར་ལ་གཏམ་བཤད་ཅིག་གནང་དོན།

  “དམག་རྒྱག་ཡ་ལ་དམག་ཕྱིར་འཐེན་བྱེད་རྒྱུ་ལ་གལ་ཡོད་མ་རེད། ལྷ་ཀླུས་བློ་སྤོབས་ཆེན་པོའི་ཐོག་དམག་ཕྱིར་འཐེན་གནང་ཡོད་རེད། ལྷ་ཀླུས་དམག་འཛིང་གིན་འཛིང་གིན་ཕྱིར་བྲོས་བརྒྱབས་པ་རེད། ང་ཕོད་མ་གཏོགས་མགོ་བཏགས་ཞུས་ཡོད་མ་རེད། དེ་ནས་ང་ཕོད་ཀྱིས་ཞབས་འདྲེན་ཞུས་པ་རེད་”ཅེས་དང་།

 “ད་ཆིངས་ཡིག་དོན་ཚན་ ༡༧ སྐོར་དེ་ནམ་རྒྱུན་ང་ཚོས་བཤད་བཞིན་པའི་མེ་མདའི་འོག་གི་བཙན་གནོན་དང་། ས་ཆ་ཏོག་ཙམ་འཕྲོགས་པ། བཙན་དབང་ཏོག་ཙམ་བཏང་བ་ཟེར་བ་གཅིག་པོ་མ་རེད། རྒྱ་མིས་རྦད་དེ་བོད་པ་མགོ་བསྐོར་བཏང་ནས་བོད་རྒྱལ་ཁབ་དེ་ཡང་རྒྱ་མིའི་ཁོངས་གཏོགས་བཟོ་ཐབས་ཀྱི་འཇིགས་སུ་རུང་བའི་བྱ་སྤྱོད་ཅིག་རེད། མ་གཞི་འཇིགས་སྐུལ་དང་བཙན་པོ་དབང་ཡོད་བྱས་ཟེར་བ་རྒྱལ་ཕམ་ཤོར་སྐབས་རྒྱུན་ལྡན་ཡོང་གི་ཡོད་རེད། ཐོབ་མཁན་དེས་ཤོར་མཁན་ལ་བཙན་པོ་དབང་ཡོད་བྱེད་རྒྱུ་ཡིན་ཡིན་པ་རེད། སྔོན་མ་དབྱིན་ཇི་བཙན་རྒྱལ་རིང་ལུགས་དང་རྒྱལ་ཁབ་གཞན་དག་བར་བཙན་པོ་དབང་ཡོད་བྱས་ནས་ཆིངས་ཡིག་བཞག་པ་དེ་འདྲ་ཡོད་རེད། ཡིན་ནའང་། དབྱིན་ཇི་ལྟ་བུས་རྒྱ་ནག་ལ་བཙན་པོ་དབང་ཡོད་བྱས་ནས། རྒྱ་ནག་དབྱིན་ཇིའི་རྒྱལ་ཁོངས་བཟོས་ནས་ཆིངས་ཡིག་བཞག་པ་དེ་འདྲ་བྱུང་མྱོང་ཡོད་མ་རེད། རྒྱ་ནག་ལ་ངོ་ཚ་དང་ལས་རྒྱུ་འབྲས་ནི་ཡོད་མ་རེད། རྦད་དེ་གཡོ་ཇུས་དང་མགོ་སྐོར་བཏང་ནས་རྒྱལ་ཁབ་དང་མི་རིགས་ཤིག་རྩ་མེད་གཏོང་ཐབས་ཀྱི་ལས་ཀ་རང་བྱེད་ཀྱི་ཡོད་པ་གསལ་པོ་རེད་”ཅེས་གསུངས།

        རྒྱ་མི་ལ་མགོ་བཏགས་ཞུས་པ། 

   “བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ལགས་ཆབ་མདོར་མདོ་སྨད་སྤྱི་ཁྱབ་གནང་སྐབས།  བོད་གཞུང་གིས་ང་ཕོད་ལ་ཏར་བཏང་ནས་རྒྱ་དམག་ལ་ (surrender) མགོ་བཏགས་བྱེད་མི་ཆོག །གལ་ཏེ་འུ་ཐུག་ན་དམག་ (retreat) ཕྱིར་འཐེན་བྱེད་དགོས་ཞེས་བཀའ་གནང་ཡོད་རེད། བདེན་དཔང་ཞིག་ལ་སྐབས་དེའི་ཏར་གཏོང་མཁན་དབྱིན་ཇི་ (Robert Ford) རཱ་བྷར་ཊི་ཧྥོར་ཌི་ཟེར་བ་ཅིག་ཡོད་པ། ངས་མི་བརྒྱུད་ནས་ཁོང་ལ་སྐད་ཆ་འདྲི་མྱོང་ཡོད། ཏར་འཕྲིན་ནང་མགོ་བཏགས་མི་ཆོག་ཅེས་སྐད་ཆ་དེ་ག་རང་བྲིས་ཡོད་རེད་ཟེར། ཡིན་ནའང་། ང་ཕོད་ཀྱིས་དེ་མ་གནང་བ་རེད་”ཟེར། དོན་ལ་ཆབ་མདོར་དམག་ཉེས་ཡོང་སྐབས། ང་ཕོད་ཀྱིས་ལྷ་ས་ལ་ཏར་བཏང་ནས་དམག་རོགས་འབོད་བསྐུལ་ཞུས་ཀྱང་། སྐུ་དྲག་ཚོ་ཐུགས་སྤྲོ་གཏོང་སྐབས་དང་འཁེལ་བས། ང་ཚོ་ལྷ་ཆོས་སྐྱོང་སྲུང་མའི་སྐྱབས་འོག་ལ་ཡོད་རེད་ལབ་ནས་ཁ་ཡ་མ་བྱས་རྐྱེན། ང་ཕོད་ཀྱིས་གཟའ་འཁོར་གཉིས་ལ་རྒྱ་དམག་དང་རྒོལ་འཛིང་བྱས་ཀྱང་། མཐའ་མ་རྒྱབ་དཔུང་མེད་པས་མང་སྣ་ཉུང་གིས་མ་བརྟེན་པར། བོད་དམག་ཁྲི་གཅིག་ལྷག་དང་མདོ་སྤྱི་ང་ཕོད་བཅས་རྒྱ་མིས་འཛིན་བཟུང་བྱས་པ་ཡིན་པས། འདི་ནི་ང་ཕོད་ཀྱིས་བོད་གཞུང་གི་བཀའ་མ་བརྩིས་པ་དང་། རང་འགུལ་གྱིས་མགོ་བཏགས་ཞུས་པའི་ནག་ཉེས་ལྟ་བུར་བརྗོད་ན་འགྲིག་གི་ཨེ་ཡོད་ན་སྙམ། འབའ་ཕུན་གྱིས་ཆབ་སྲིད་སློབ་གསོ་སྤྲད་པའི་རྗེས་སུ། དམར་ལུགས་པ་ཞིག་ཆགས་ཡོད་ནའང་། ཆབ་མདོར་དམག་འཁྲུགས་བྱེད་སྐབས་དམར་ལུགས་དྲི་ཙམ་ཡང་མེད་པ་མ་ཟད། ད་དུང་འབའ་ཕུན་གྱིས་ཆབ་མདོར་ང་ཕོད་དང་མཚོ་སྒོ་བ་གཉིས་ལ་སློབ་གསོ་སྤྲོད་སྐབས། “མཚོ་སྒོ་བ་ང་ཚོའི་ཕྱོགས་ལ་ང་ཕོད་ལས་སྔ་བར་བསླེབས་བྱུང་”ཞེས་དང་། ང་ཕོད་བློ་འགུག་མ་ཐུབ་རྐྱེན་ཁ་རུ་ཁར་ཐུག་རྒྱ་ནག་གི་གཏམ་དཔེ། “རྡོ་སྒོ་ང་ལ་བརྡབ་ནའང་འདྲ། སྒོ་ང་རྡོ་ལ་བརྡབ་ནའང་འདྲ། གང་ལྟར་མཐའ་མར་སྒོ་ང་ཆགས་ཀྱི་རེད་ཅེས་ལབ་དགོས་བྱུང་”ཞེས་བྲིས་འདུག །ཚོད་དཔག་བྱས་ན། མཚོ་སྒོ་དང་འབའ་ཕུན་གཉིས་ཀ་མཉམ་འབྲེལ་ཐོག་ནས་ང་ཕོད་ལ་འགུལ་སྐྱོད་ཐེབས་བཅུག་ཡོད་ས་རེད་བསམ་པ་བྱུང་།  

        བཀའ་བློན་རྒྱ་མིའི་མི་ཡིན་པ།

  སྐབས་འདིར་འཇམ་དབྱངས་ནོར་བུའི་སྐད་ཆ་གཙོ་བོ་དེ། ང་ཕོད་རྒྱ་མི་དམར་ཕྱོགས་པའི་ཀླད་པ་ཅན་གྱི་མི་ཞིག་ཆགས་ཚར་རྗེས། བོད་ཀྱི་སྐུ་ཚབ་གནང་ནས་ཆིངས་ཡིག་ཅིག་ཇི་ལྟར་འཇོག་ཟེར་བ་དེ་རེད། དེ་ནི་ཧ་ལས་པའི་གནད་འགག་ཅན་གྱི་སྡོམ་ཚིག་ཅིག་རེད། ང་ཕོད་ཀྱི་ལུས་ངག་ཡིད་གསུམ་རྒྱ་མིར་ཕྱོགས་ཚར་ཡོད་ན། དེ་ལས་ལོགས་སུ་བོད་དོན་ཟེར་བ་ཅིག་ཡིད་ལ་འཁོར་མི་སྲིད་པ་རེད། བོད་གཞུང་གི་སྐུ་ཚབ་བཀའ་བློན་ང་ཕོད་ལ་རྒྱ་མིའི་ཆབ་སྲིད་སློབ་གསོ་ཐེབས་ཚར་རྗེས། ཆིངས་ཡིག་དོན་ཚན་བཅུ་བདུན་སྐབས་བོད་གཞུང་གི་སྐུ་ཚབ་རྫུན་མ་བཟོས་ནས་ཆིངས་དོན་བཤད་པ་མིན་ནམ། འཇམ་ནོར་གྱིས་”ང་ཕོད་ཀྱིས་སྐུ་ཚབ་གཞན་པ་ཚོར། ད་ལྟ་ཆིངས་ཡིག་འདི་སྔོན་འགྲོ་ཙམ་རེད་ལག་ཆེན་པོ་མ་རེད་ཟེར་བ་དང་། གལ་ཏེ་གནད་དོན་བྱུང་ན་ང་བཀའ་བློན་རང་གིས་འགན་འཁུར་དགོས། ཁྱོད་རང་ཚོ་ལ་གནོད་སྐྱོན་ཡོང་མི་འཇུག་ཟེར་བ་ལྟ་བུའི་རྒྱ་ཕྱོགས་ལ་འགུལ་གང་ཐུབ་བྱས་ཡོད་རེད་ཟེར། 

དང་པོ་ང་ཕོད་ཀྱི་སེམས་པ་ཀྱོག་ཀྱོག་བཟོ་མཁན་དེ་འབའ་ཕུན་རེད། ཁོ་རང་ང་ཕོད་ལ་ཐུག་ནས་གོ་སྐོན་བློ་འགུག་མཚན་མོའི་ཆུ་ཚོད་གསུམ་པ་བཞི་པ་བར་བྱས་པ་མ་ཟད། དམག་དཔོན་ཝང་ཆི་མིད་ཟེར་བའི་གཟུགས་པོ་ཆུང་ཆུང་དེས་ང་ཕོད་ལ་དང་པོ་མཇལ་འཕྲད་བྱེད་སྐབས། “ང་རང་ཧ་ཅང་བློ་ཕམ་བྱུང་ཡ་ཞིག་ལ། བོད་པ་ཚོ་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པའི་མགོ་སྐོར་འོག་ལ་ཚུད་པས། བོད་པ་རྣམས་བཅིངས་འགྲོལ་དམག་ལབ་དུས་ཞེད་སྣང་དང་འཇིགས་སྣང་བྱེད་ས་ལྟ་བུ་ཞིག་ཆགས་འདུག་པ་དེ་རེད་”ཅེས་མིག་ཆུ་བཏང་བ་དང་། ད་དུང་ང་ཕོད་ལ་ཆབ་མདོའི་བཅིངས་འགྲོལ་དམག་མིར་བཀའ་སློབ་གནང་བཅུག་པ། ད་དུང་ཝང་ཆི་མིད་ཁོ་རང་ཆབ་མདོའི་ཨུ་ཡོན་ལྷན་ཁང་ཞིག་གི་ཚོགས་གཙོ་དང་ང་ཕོད་ལ་ཚོགས་གཞོན་གྱི་གོ་གནས་སྤྲད་པ་རེད། རྒྱ་མི་ཟེར་བ་དེ་ཧ་ལས་པའི་གཡོ་རྒྱུ་ཅན་དང་ཐབས་ཤེས་མཁས་པ་རེད། དཔེར་ན། རྒྱལ་བ་རིན་པོ་ཆེ་གྲོ་མོ་ལ་བཞུགས་ཡོད་སྐབས། ཁམས་ཕྱོགས་ཀྱི་ས་ཆ་དེ་ཚོ་དོག་པོ་དང་དཀའ་ལས་ཁག་པོ་རེད། རྒྱ་དམག་མང་པོ་ཞེ་བོ་བཏང་ཚར་རེད། དམག་ཉེས་ཁུར་འདོད་ཡོད་མ་རེད་བ། བཀའ་བློན་ཀླུ་ཁང་དང་བློ་བཟང་བཀྲིས་གཉིས་ཀ་མཁྲེགས་པོ་ཡོད་རེད། རྒྱ་མིས་འབྲེལ་བ་ག་ཚོད་བྱས་རུང་ཁ་ཡ་མ་བྱས་རྐྱེན། ཁོང་ཚོས་མཐའ་མ་འུ་ཐུག་ནས་རྒྱ་ལོ་དོན་གྲུབ་ཀྱི་ཆུང་མའི་ཡབ་ལ་འབྲེལ་བ་བྱས་འདུག །ཁོ་རང་སྔོན་མ་གོ་མིན་ཏང་གི་དཔོན་པོ་ཞིག་རེད། རྗེས་སུ་ཧོང་ཀོང་ལ་སྐྱབས་བཅོལ་དུ་ཕྱིན་པ་རེད་མོད། གུང་བྲན་དང་གོ་མིན་གཉིས་ཀ་མི་རིགས་དང་རྒྱལ་ཁབ་ལ་ཐུག་དུས་རྡོག་རྩ་གཅིག་སྒྲིལ་ཡིན་ཙང་། རྒྱ་ལོའི་ཆུང་མའི་ཡབ་ནས་བོད་གཞུང་ལ་རེ་སྐུལ་ཞུས་འདུག་”ཅེས་ལབ་སོང་།

དང་པོ་འབའ་ཕུན་ནས་ང་ཕོད་ཀྱི་སེམས་པ་ཀྱོག་ཀྱོག་བཟོས་པ་དང་། གཉིས་པ་ཝང་ཆི་མིད་ཀྱིས་མིག་ཆུ་བཏང་ནས་ཡིད་འགུག་གི་སྐད་ཆ་སྙན་པོ་བཤད་པ། གསུམ་པ་དམག་ཉེས་ཁུར་བའི་དམག་དཔོན་ཞིག་ལ། རྒྱལ་ཁ་བླངས་པའི་དམག་མི་ཚོར་བཀའ་སློབ་གནང་བཅུག་པ། བཞི་པ་ཆབ་མདོའི་ཨུ་ཡོན་ལྷན་ཁང་ཞིག་གི་ཚོགས་གཞོན་གྱི་གོ་ས་སྤྲད་པ་སོགས་ཀྱིས། མཐར་རྒྱ་མིས་ང་ཕོད་དེ་ཏང་ཡོན་པ་རྣལ་མ་ཞིག་བཟོ་ཐུབ་པ་ལྟ་བུ་ཞིག་བཤད་གནང་སོང་། 

    ཧོང་ཀོང་དང་བོད་དོན་བརྗེ་ཚོང་བྱས་པ།

  “སྐད་ཆ་འདི་བརྒྱ་ཆ་བརྒྱ་བདེན་པ་རེད་ཟེར་ནས་བཤད་ཐུབ་པ་མེད། ཡིན་ནའང་། བསམ་བློ་གཏོང་ས་ཞིག་ཏན་ཏན་འདུག །རྒྱ་མིས་བོད་དང་ཤིན་ཅང་སོགས་བཅིངས་འགྲོལ་ལ་ཁ་གཡར་ནས། བཙན་འཛུལ་དང་ཧམ་ཟ་བྱེད་སྐབས་དབྱིན་ཇིའི་འོག་ལ་ཡོད་པའི་ཧོང་ཀོང་སྐོར། དབྱིན་ཇིའི་གྲོས་ཚོགས་ནང་ལ་ཛ་དྲག་སྐད་ཆ་བྱུང་འདུག་མོད། ད་རྒྱ་མིས་ཧོང་ཀོང་ལ་དམག་རྒྱག་གི་རེད་ལབ་ནས་འཇིགས་སྣང་སྐྱེས་པ་རེད། ཡ་མཚན་པ་ཞིག་ལ། ཛ་དྲག་གནས་ཚུལ་ག་ལེར་འཇམ་རུ་འགྲོ་སོང་འདུག །བྱས་ཙང་། སྐད་ཆ་ཞིག་ག་རེ་གོ་ཡ་འདུག་ལབ་ན། སྐབས་དེར་དབྱིན་ཇིས་བོད་རྒྱ་ནག་ལ་བཙོངས་པ་རེད་ཟེར། ཧོང་ཀོང་ལ་རྒྱ་མིས་ལག་པ་མ་འཆང་ཡ་བྱས། བོད་དེ་རྒྱ་ཁོངས་ཡིན་པ་དབྱིན་ཇི་ནས་རྒྱལ་སྤྱིའི་སྒང་ལ་རྒྱབ་སྐྱོར་བྱས། ཧོང་ཀོང་ཁུ་སིམ་སིམ་བྱས་ནས་བཞག་ཡོད་པ་འདྲ་པོ་འདུག་”ལབ་སོང་། སྐད་ཆ་འདི་འདྲ་ཞིག་གོ་བ་ཐེངས་དང་པོ་ཡིན། མ་གཞི་ཧོང་ཀོང་ ༡༩༨༢ ཙམ་ནས་ནན་ཁེན་ཆིངས་ཡིག་བཞག་ནས་དབྱིན་ཇིའི་འོག་ལ་འཛུལ་ཡོད་པ་དང་། ༡༩༤༡ ལོར་ཉི་ཧོང་གིས་བཙན་འཛུལ་བྱས་ཀྱང་། ༡༩༤༥ ལོར་ཡང་བསྐྱར་དབྱིན་ཇི་ལ་ཤོར་བ་བཅས་ཡིན་པས། མཐའ་མ་ ༡༩༩༧ ལོར་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བའི་ཆ་རྐྱེན་འོག །དབྱིན་གཞུང་ནས་རྒྱ་གཞུང་ལ་རྩིས་སྤྲད་པ་ཞིག་ཡིན་ན། སྐད་ཆ་འདི་ལོ་རྒྱུས་རང་བཞིན་ཅན་ཞིག་ཆགས་ཀྱི་ཡོད་མེད་ཐེ་ཚོམ་རེད་སྙམ། 

                         ༢༠༢༤/༠༣/༣༡  ཉིན། 
འདིར་བཀོད་པའི་རྩོམ་ཡིག་དག་ནི་རྩོམ་པ་པོ་སོ་སོའི་དགོངས་ཚུལ་ལས་འདི་གའི་གསར་ཁང་གི་མ་ཡིན།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||