ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་བོད་དོན་ཞུ་གཏུག

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་ཚོགས་པ་དང་། སུད་སི་སྐུ་ཚབ་དོན་གཅོད་ལས་ཁང་ནས་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ཚོགས་གཙོ་ལ་ཞུ་ཡིག་ཕུལ་འདུག

ཟླ་འདིའི་ཚེས་༢༨ ཉིན་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་༤༩ པ་འཚོགས་བཞིན་པའི་སྐབས་དང་བསྟུན། སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་ཚོགས་པས་སུད་སི་གྲོང་ཁྱེར་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་མདུན་དུ་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་ཞི་བའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་འདུག

དེ་ཡང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་ཚོགས་པའི་ཚོགས་གཙོ་ཀརྨ་ཆོས་སྐྱིད་དང་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོ་ལ། ཤོག་གྲངས་བཞི་ཅན་གྱི་ཞུ་ཡིག་ཕུལ་ཡོད་པ་དང་། ཞུ་ཡིག་དེའི་ནང་ཉེ་ཆར་རྒྱ་ནག་གཞུང་གིས་སྟོན་པ་ཐུབ་པའི་དབང་པོའི་སྐུ་བརྙན་མཐོ་ཚད་ཁྲུ་༩༩ ལྷག་ཅན་ཞིག་དང་མ་ཎི་དུང་འཁོར་བཞི་བཅུ་ཞེ་ལྔ་རྩ་གཏོར་བཏང་བ། བྲག་འགོ་དགེ་ལྡན་ནང་བསྟན་སློབ་གྲྭ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་བ་རྣམས་བཀོད་དེ། མཉམ་འབྲེལ་རྒྱལ་ཁབ་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་གཙོས་བོད་ནང་གི་གནས་སྟངས་ཛ་དྲག་ཆགས་ཡོད་པའི་སྐོར་ཐུགས་སྣང་དང་། དེའི་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

སུད་སི་དང་ལིག་ཏེན་སིཊ་ཡན་བོད་རིགས་མི་མང་ནས་རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་དང་། བོད་མིའི་ཆོས་དང་རིག་གཞུང་སོགས་གཏོར་བཤིག་བཏང་དང་གཏོང་བཞིན་པར་ཞི་བའི་ངོ་རྒོལ་སྐད་འབོད་གནང་སྟེ། མཉམ་འབྲེལ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ངོས་ནས་དེའི་འགན་ཆ་ཚང་རྒྱ་ནག་གཞུང་ལ་འཁུར་དུ་འཇུག་དགོས་པའི་འབོད་སྐུལ་གནང་ཡོད་འདུག

སྐབས་དེར་སུད་སི་སྐུ་ཚབ་དོན་གཅོད་ཁང་གི་ལས་བྱེད་སྐལ་ལྡན་མཚོ་མོ་ནས་”བོད་མི་རྣམས་ཀྱིས་རང་དབང་དང་། དྲང་བདེན། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་འཐབ་རྩོད་གནང་དང་གནང་བཞིན་པར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཀྱང་ལམ་ལྷོང་བྱུང་མེད་ལ་མ་འོངས་པ་ལའང་ལམ་ལྷོངས་འབྱུང་གི་མ་’’རེད་ཅེས་བརྗོད་འདུག

ཡུ་རོབ་བོད་ཀྱི་གཞོན་ནུ་མཐུན་ཚོགས་ཀྱི་ཚོགས་གཞོན་དགྲ་ལྷ་དབང་ལྡན་གྱིས་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་གནང་སྟེ་བོད་མི་ཡོངས་ཀྱི་མངོན་འདོད་བསྒྲུབ་དགོས་པ་སོགས་ཀྱི་སྐོར་བརྗོད་ཡོད་པ་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་སྐུ་ཚབ་ཇེག་སི་ཨར་ནལ་ (Jacques Arnal) གྱིས་མུ་མཐུད་བོད་དོན་ཆེད་དུ་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་དང་། རྒྱ་ནག་གཞུང་གིས་བོད་ལ་དབང་བསྒྱུར་བྱས་སྟབས་བོད་མི་རྣམས་ཀྱིས་དཀའ་སྡུག་མྱོང་བཞིན་པ་སོགས་ཀྱི་སྐོར་བརྗོད་འདུག །

གསར་འགོད་པ་བདེ་སྒྲོན།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||