ཆོས་རིག་དྲུང་ཆེ་འདས་གྲོངས་སུ་གྱུར་པར་བོད་མིའི་སྒྲིག་འཛུགས་ནས་མྱ་ངན་ཞུས།


བོད་ཀྱི་བང་ཆེན་གྱི་པར།

ཟླ་འདིའི་ཚེས་༩ ཞོགས་པར་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེ་འཆི་མེད་ཚེ་དབྱངས་འདས་གྲོངས་སུ་གྱུར་པའི་ཡིད་སྐྱོའི་གནས་ཚུལ་བརྒྱུད་ལམ་ཁག་ཏུ་ཐོན་འདུག་པ་དང་། ཁོང་ཉེ་ཆར་ལྡི་ལིར་སྨན་བཅོས་ཆེད་ཕེབས་ཀྱང་དྲག་སྐྱེད་མ་བྱུང་བར་ད་ནངས་སྨན་ཁང་དུ་འདས་གྲོངས་སུ་གྱུར་པ་ཡིན་འདུག དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་སྨོན་ལམ་གསུང་འདོན་ཆེད་སྲིད་སྐྱོང་ཚོགས་ཁང་དུ་ཚང་འཛོམས་གནང་ཞིང་། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་གྱིས་ཚེ་འདས་ཁོང་གིས་ད་བར་བོད་མིའི་སྒྲིག་འཛུགས་ལ་སྲི་ཞུ་ཇི་ལྟར་བསྒྲུབས་པའི་སྐུ་ཚེའི་ལོ་རྒྱུས་ཆ་ཚང་དང་སྲིད་ཚབ་ཤེས་རིག་བཀའ་བློན་ནས་གདུང་སེམས་མཉམ་སྐྱེད་དང་འབྲེལ་བའི་གསུང་བཤད་བཅས་གནང་གྲུབ་མཚམས། ཁོང་ལ་མྱ་ངན་གུས་འདུད་དང་གདུང་སེམས་མཉམ་སྐྱེད་མཚོན་སླད་ཕྱི་དྲོའི་ཆུ་ཚོད་ ༣ པ་ནས་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ལས་ཁུངས་ཁག་ལས་མཚམས་བཞག་ཡོད་པ་རེད། བརྒྱུད་ལམ་ཁག་ནས་མི་མང་པོ་ཞིག་གིས་ཁོང་ལ་མྱ་ངན་དང་བསྔོ་སྨོན་བྱེད་བཞིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་པར།

ཚེ་ལས་འདས་མ་ཁོང་ནི། ཕྱི་ལོ་ ༡༩༧༢ ཟླ་ ༨ ཚེས་ ༡ ཉིན་ཅོན་ཏ་ར་བོད་མིའི་གཞིས་ཆགས་སུ་སྐྱེས་ཤིང་། བཙུན་དགོན་སྒྲོལ་མ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་། དེ་ནས་གཞུང་ཞབས་སུ་འཛུལ་ཀྱིས་ཕྱི་ལོ་ ༢༠༠༠ ཟླ་བ་ ༡ ཚེས་ ༢༤  ནས་ཟླ་དྲུག་ཚོད་ལྟའི་ཐོག་ཤེས་རིག་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།  ཕྱི་ལོ་ ༢༠༠༠ ཟླ་བ་ ༨ ཚེས་ ༡༨ ནས་གཞུང་ཞབས་ངོ་མར་བསྐོ་གཞག་དང་ཤེས་རིག་ལས་ཁུངས་སུ་ལས་འགན་རང་འཇགས། ཕྱི་ལོ་ ༢༠༠༤ ཟླ་བ་ ༡༡ ཚེས་ ༡༩  ནས་དྲུང་ཆེ་གཞོན་པར་གནས་སྤར་གནང་། ཕྱི་ལོ་ ༢༠༠༤ ཟླ་བ་ ༡༢ ཚེས་ ༡༥   ནས་ཤེས་རིག་ལས་ཁུངས་ཀྱི་དྲུང་ཆེ་གཞོན་པའི་ལས་འགན་ཐོག་བཀོད་སྒྲིག  ཕྱི་ལོ་ ༢༠༡༠ ཚེས་ ༡༠ ཚེས་ ༡༣   ནས་ཟུང་འབྲེལ་དྲུང་ཆེར་གནས་སྤར་གནང་། ཕྱི་ལོ་༢༠༡༠ ཟླ་བ་ ༡༠ ཚེས་ ༡༩  ནས་ཤེས་རིག་ལས་ཁུངས་ཀྱི་ཟུང་འབྲེལ་དྲུང་ཆེར་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༡༦ ཟླ་བ་ ༩ ཚེས་ ༡  དྲུང་ཆེ་ལས་འཕར་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༡༦ ཟླ་བ་ ༡༠ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ལས་འཕར་དུ་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༨ ཚེས་ ༡༧ ནས་དྲུང་ཡིག་ཆེན་མོའི་གནས་རིམ་དུ་གནས་སྤར་གནང་། ཕྱི་ལོ་ ༢༠༢༠ ཟླ་བ་ ༩ ཚེས་ ༡ ནས་ཕྱི་དྲིལ་ལས་ཁུངས་ཀྱི་དྲིལ་བསྒྲགས་དྲུང་ཆེའི་ལས་འགན་བཀོད་སྒྲིག་གནང་། ཕྱི་ལོ་ ༢༠༢༡ ཟླ་བ་ ༩ ཚེས་ ༡  ནས་ཆོས་རིག་ལས་ཁུངས་ཀྱི་དྲུང་ཆེར་བཀོད་སྒྲིག་གནང་ནས་ཐུགས་འགན་བཞེས་མུས་ཡིན་འདུག
གོང་གསལ་གྱི་གནས་ཚུལ་དང་ལོ་རྒྱུས་དག་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བ་སོགས་ནས་བཏུས།


གསར་འགོད་པ། བསྟན་འཛིན་ལམ་བཟང་། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||