ཐུབ་བསྟན་ཆོས་ཉིད་ཀྱི་ལོ་གཅིག་གི་བོད་དོན་ལས་འགུལ་གསུམ་བཅུའི་དུས་དྲན་ཉིན་མཇུག་བསྒྲིལ།

རང་བཙན་འཐབ་རྩོད་པ་ཐུབ་བསྟན་ཆོས་ཉིད་ལ་གཟེངས་རྟགས་འབུལ་སྐབས། པར་དག་སྤྱི་ཟུར་ངག་དབང་ཐར་པས་མཁོ་སྤྲོད་གནང་།

ཟླ་༣ ཚེས་༡༠ ཉིན་ བོད་རང་བཙན་འཐབ་རྩོད་པ་ཐུབ་བསྟན་ཆོས་ཉིད་ཀྱིས་བོད་དོན་ལས་འགུལ་ལོ་གཅིག་རིང་སྤེལ་ནས་མཇུག་བསྡོམས་མཛད་སྒོ་ཞིག   གསུམ་བཅུའི་དུས་དྲན་ཉིན་མོ་དང་བསྟུན། ཕཱི་ལར་ཟླ་ཕི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་གསར་པ་ལུགས་ཟུང་གཅེས་སྐྱོང་ཁང་གི་ནང་དུ་འཚོགས་སོང་། མཇུག་བསྡོམས་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་རྒྱལ་ཡོངས་རང་བཙན་ལྷན་ཚོགས་ཀྱི་ཚོགས་གཙོ་འཇིགས་མེད་ཨོ་རྒྱན་ལགས་ཀྱིས་གཙོས་པའི་ ནིའུ་ཡོག་དང་ནིའུ་འཇར་སིས་ཀྱི་བོད་རང་བཙན་འཐབ་རྩོད་པ་རྣམ་པ་དང་། ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་པའི་ཚོགས་གཙོ་གཙོས་པའི་ས་གནས་མི་མང་བཅས་ཁྱོན་མི་མང་ཆེས་མང་པོ་ཞིག་མཉམ་ཞུགས་གནང་འདུག

མཇུག་བསྡོམས་མཛད་སྒོའི་དེར་སྐུ་མགྲོན་གཙོ་བོ་དང་བོད་རང་བཙན་འཐབ་རྩོད་པ་ཁག་གཅིག་གིས། ཁོང་གི་ལས་འགུལ་དེར་ཆེ་བསྟོད་དང་རྒྱབ་སྐྱོར་གྱི་གཏམ་བཤད་གནང་སོང་། ཐུབ་བསྟན་ཆོས་ཉིད་ཀྱི་ནང་མི་བུ་ཕྲུག་རྣམས་ཀྱིས་ནང་མིའི་གནས་སྟངས་དང་། ཁོང་གིས་རྒྱལ་ཁབ་ཆེད་བློས་གཏོང་གནང་བའི་སྐོར་སོགས་དགའ་སྐྱོ་འདྲེས་མའི་གཏམ་བཤད་གནང་སོང་། ཕི་ལོར་ཟླ་ཧྥི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས། བོད་རང་བཙན་འཐབ་རྩོད་པ་ཐུབ་བསྟན་ཆོས་ཉིད་ཀྱིས་བོད་དོན་ལས་འགུལ་ལོ་གཅིག་སྤེལ་བར་ཆེ་བསྟོད་དུ་གཟེངས་རྟགས་ཤིག་ཀྱང་ཕུལ་སོང་ལ།

དེ་རྗེས་ལས་འགུལ་སྤེལ་གནང་མཁན་ཐུབ་བསྟན་ཆོས་ཉིད་ཀྱིས་ལས་འགུལ་སྤེལ་བའི་བརྒྱུད་རིམ་གྱི་མྱོང་ཚོར་དང་འབྲེལ་བའི་གཏམ་བཤད་གནང་ཐོག

ཐུབ་བསྟན་ཆོས་ཉིད་ཀྱིས་ཁོང་ལ་རྒྱུན་དུ་རོགས་པ་གནང་མཁན་ཁག་ཅིག་ལ་གཟེངས་རྟགས་རེ་ཕུལ་གནང་སོང་།
གཏམ་བཤད་ཀྱི་གོ་སྐབས་མ་བྱུང་ཡང་། ཁོང་གི་རླབས་ཆེན་བློས་གཏོང་གིས་ལས་འགུལ་སྤེལ་བ་དེ་ལ་རྒྱབ་སྐྱོར་མཚོན་བྱེད་མཇལ་དར་ཞིག་སྒྲོན་ཏེ་བོད་གཞིས་བྱེས་གཉིས་སུ་བཞུགས་པའི་བོད་རིགས་རྣམས་ལ་བློ་སྟོབས་གནང་བ་དེར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས་པ་ཡིན།

ཐུབ་བསྟན་ལགས་ཀྱིས་དེར་ཡོད་ལས་འགུལ་བ་ཡོངས་ལ་བོད་རང་བཙན་ཁུངས་སྐྱེལ་གྱི་ཡིག་ཆ་ཆ་ཚང་རེ་དྲན་རྟེན་ཆེད་གནང་རྗེས་མཛད་སྒོ་གྲོལ་སོང་།

དང་ཐོག་ང་ཚོ་ནིའུ་ཡོག་ནས་ཡོང་མཁན་རྣམས་ཕི་ལོར་ཟླ་ཧྥི་ཡའི་གྲོང་སྡེའི་ལས་ཁུངས་སུ་གསུམ་བཅུའི་དུས་དྲན་མཉམ་དུ་སྲུང་བརྩི་ཞུས་ཤིང་། དེ་ནས་ཨ་རིའི་རང་བཙན་དྲིལ་བསྒྲགས་གནང་ས་བར་གོམ་བགྲོད་བྱས།

མངའ་སྡེ་འདིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་འགུལ་སྤེལ་སྟངས་ཅུང་སྔོན་ཐོན་འདྲ་བོ་མཐོང་བྱུང་། གཏམ་བཤད་གནང་མཁན་གཞོན་སྐྱེས་རྐྱང་པ་གོ་སྒྲིག་བྱས་འདུག་ལ། ལས་འགུལ་སྣེ་ཁྲིད་དང་སྐད་འབོད་བྱེད་མཁན་ཚང་མ་ན་གཞོན་རྐྱང་པ་རེད་འདུག དེའི་རྗེས་སུ་ཕི་ལོར་ཟླ་ཧྥི་ཡའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཁང་དུ་བོད་དོན་ལས་འགུལ་བ་ཐུབ་བསྟན་ཆོས་ཉིད་ཀྱི་ལས་འགུལ་མཇུག་བསྡོམས་ཀྱི་མཛད་སྒོར་བཅར།

ཐུབ་བསྟན་ཆོས་ཉིད་ཀྱིས་སྔ་ལོའི་ཟླ་༣ ཚེས་༡༠ ནས་བོད་རང་བཙན་ཁུངས་སྐྱེལ་དང་རྒྱབ་སྐྱོར་འཚོལ་ཆེད་དེ་རིང་གི་གསུམ་བཅུའི་དུས་དྲན་བར་ལོ་ངོ་གཅིག་གི་རིང་ཉིན་གཅིག་ཆད་མེད་ཀྱིས་ལས་འགུལ་སྤེལ་ཡོད་པ་རེད།
སྤྱི་ཟུར་ངག་དབང་ཐར་པས་གནས་ཚུལ་མཁོ་སྤྲོད་གནང་།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||