དཔྱ་དངུལ་བརྒྱ་ཆ་༩༠ ཆག་ཡང་དང་གསར་བཟོའི་དུས་ཡུན་ཕར་འགྱང་གནང་སོང་།

བོད་མི་མང་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་༡༠ པར་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མས་བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོའི་ཆེད་དུ་སྔོན་མའི་དུས་ཡུན་ལས་སླར་ཡང་ཟླ་བ་དྲུག་ཡས་མས་ཕར་འགྱང་བྱ་རྒྱུའི་གྲོས་ཆོད་གྲོས་འཆར་ཞིག་གྲོས་ཚོགས་སུ་སྙན་སྒྲོན་ཞུས་སོང་། དེའི་ནང་དུ་བཙན་བྱོལ་བོད་མིའི་དང་བླང་དཔྱ་དངུལ་དང་བསྡུ་དངུལ་གཞན་དག་གི་འབུལ་བབ་ཁྲིམས་ཡིག་དོན་ཚན་༡༨ པའི་ནང་གསེས་༥ པ། ཡུལ་དུས་གནས་སྐབས་དམིགས་བསལ་བའི་འོག སྤྱི་འཐུས་ལྷན་ཚོགས་སམ་རྒྱུན་ལས་ཀྱིས་དགོས་ངེས་གཟིགས་ན་དཔྱ་དངུལ་དང་ངེས་ཅན་འབུལ་བབ་གསར་དུ་འབུལ་འདོད་ཡོད་རིགས་ལ་དུས་བཀག་རྒྱས་བཅད་ཀྱི་སྔ་མའི་འབུལ་བབ་ཆག་ཡང་གནང་འཐུས་ཞེས་གསལ་བ་བཞིན། སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གྲོས་ཚོགས་ཚོགས་དུས་ལྔ་པའི་སྟེང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་། གསར་བཟོ་མ་ཐུབ་པ་རྣམས་ལ་བོད་ཀྱི་ཡུལ་མིའི་ལས་འགན་ལེན་ཐུབ་པའི་གོ་སྐབས་བསྐྲུན་ཆེད། ཕྱི་ལོ་༢༠༢༣ ཟླ་༤ ཚེས་༡ ནས་ཕྱི་ལོ་༢༠༢༤ ཟླ་༣ ཚེས་༣༡ བར་དཔྱ་དངུལ་འབུལ་རྒྱུའི་བརྒྱ་ཆ་དགུ་བཅུ་ཆག་ཡང་དང་འཕྲོས་བརྒྱ་ཆ་བཅུ་དོ་བདག་ནས་ཕྱག་དངུལ་འབུལ་ཆོག་པའི་གྲོས་ཆོད་ཀྱི་ཡིག་ཆ་ཨང་སུམ་ཅུ་པ་སྤྱི་མོས་ཀྱིས་གཏན་འབེབས་གནང་བ་ལྟར། འདི་ལོའི་ཕྱི་ཟླ་༣ ཚེས་༢༦ བར་ཆག་ཡང་གི་གོ་སྐབས་བླངས་ཏེ། ལག་དེབ་གསར་གསོ་བྱེད་མཁན་དང་འབུལ་ཆད་ཟབ་འབུལ་བྱེད་མཁན་བསྡོམས་༦༦༦༦ བྱུང་ཡོད་ཀྱང་། ད་དུང་གོ་སྐབས་ལེན་མ་ཐུབ་མཁན་གང་འཚམས་ཡོད་སྐོར་གྲོས་ཚོགས་སུ་གླེང་སློང་བྱུང་བར་བརྟེན། སླར་ཡང་རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནང་གནས་འཁོད་བོད་རིགས་དཔྱ་དངུལ་ལོ་མང་འབུལ་ཆད་སོང་བ་དང་གསར་བཟོ་མ་ཐུབ་པ་རྣམས་ལ། དེ་སྔོན་བཞིན་དཔྱ་དངུལ་འབུལ་ཆེད་བརྒྱ་ཆ་དགུ་བཅུ་ཆག་ཡང་གིས་དུས་ཚེས་ཕྱི་ལོ་༢༠༢༣ ཟླ་༤ ཚེས་༡ ནས་༢༠༢༤ ཟླ་བ་༣ ཚེས་༣༡ ཚད་བཟུང་བྱས་པ་དེ། ཕྱི་ལོ་༢༠༢༤ ཟླ་བ་༩ ཚེས་༣༠ བར་ཕར་འགྱང་གཏོང་ཆོག་པའི་མང་མོས་སམ་སྤྱི་མོས་གྲོས་ཆོད་གྲོས་འཆར་ཞིག་བཏོན་པ་དེར། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མས་རྒྱབ་སྐྱོར་གནང་ཐོག་གྲོས་འཆར་དེ་དགག་བྱ་མེད་པར་གྲོས་ཚོགས་སུ་ཚུད་ཅིང་། བོད་པ་ཡིན་ན་བཅའ་ཁྲིམས་ཀྱིས་བསྐུར་བའི་ཡུལ་མིའི་ལས་འགན་དང་། བོད་བསྟན་པ་ཆབ་སྲིད་སླད་འགན་ཁུར་ཏེ་དཔྱ་དངུལ་འབུལ་བ་དང་གསར་བཟོ་བྱེད་རྒྱུའི་གོ་སྐབས་འདི་ལེན་དགོས་པ་གལ་ཆེ་ཚུལ་དང་། དེ་མིན་ཆག་ཡང་གི་གོ་སྐབས་འདི་རྗེས་སུ་རག་དཀའ་བའི་སྐོར་སོགས་བགྲོ་གླེང་དང་དགོངས་ཚུལ་ལྷུག་པོར་གནང་མཐར་སྤྱི་མོས་ཀྱིས་གཏན་འབེབས་གནང་སོང་།

གསར་འགོད་པ། བསྟན་འཛིན་ལམ་བཟང་། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||