དྲན་སྐུལ།

སྤྱི་ཟུར་ངག་དབང་ཐར་པ།

དེ་རིང་བོད་ཀྱི་ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས། ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ། བོད་གཞིས་བྱེས་མཉམ་འཛོམས་མ་བྱུང་བར་དུ་ངས་ལོ་མི་སར་ཞེས་པའི་ལས་འགུལ་སྤེལ་སྐབས་ང་རང་མཉམ་ཞུགས་བྱས། སྐབས་དེར་ཁོང་ལ་འཚམ་འདྲི་ཞུས་རྗེས་འདྲ་པར་ཞིག་མིག་ལམ་སྣང་བྱུང་བས། པར་དེ་མཐོང་མ་ཐག་ངའི་ངོ་ཤེས་ཞིག་ཡིན་པའི་ཚོར་བ་བྱུང་མོད། མིང་དེ་ལམ་སང་དྲན་མ་བྱུང་། ངས་དེ་སྔོན་ཁོང་འཛིན་བཟུང་བྱས་པའི་སྐོར་གསར་འགྱུར་བརྒྱུད་ལམ་དུ་ཐེངས་ཁ་ཤས་གཏོང་མྱོང་མོད། སྐབས་དེར་ང་ཚོས་ཁོང་གི་མིང་ལ་སིས་མཁས་གྲུབ་འབྲི་བཞིན་ཡོད། དབྱིན་ཡིག་ནང་ཁོང་གི་སྐོར་ཀློག་སྐབས་གཞི་ནས་ཁོང་ཡིན་པ་ཤེས་སོང་།  བསྟན་པ་དར་རྒྱས་ཀྱིས་མ་འོངས་པར་ནིའུ་ཡོག་ལ་ལས་འགུལ་སྤེལ་སྐབས་མཉམ་འབྲེལ་རྒྱལ་ཚོགས་ལ་ཆབ་སྲིད་བཙོན་པ་ལོ་མང་ཤོས་བཙོན་ཁང་དུ་བཅུག་པ་འདི་ངེས་པར་དུ་གློད་གྲོལ་ཡོང་ཐབས་འབད་བརྩོན་གནང་རོགས་གསུང་སོང་།

སོག་རྫོང་དང་འབྲི་རུ་རྫོང་བཅས་ནས་ཆབ་སྲིད་བཙོན་པ་མང་ཤོས་རེད་ལ། སོག་མཁར་བློ་གྲོས་རྒྱ་མཚོ་ལགས་སྔ་ཕྱིར་བཙོན་འཇུག་ཐེངས་བཞི་བྱས་པས་ཁྱོན་ལོ་༤༣ བཙོན་འཇུག་ཁྲིམས་ཆད་བཅད་ནས་ད་དུང་བཙོན་དུ་ཡོད། ད་དུང་ལོ་༡༥ དང་༡༣ ཁྲིམས་ཐག་བཅད་པའི་ཆབ་སྲིད་བཙོན་པ་མང་པོ་ཡོད་པ་རེད། བོད་ཀྱི་ལུང་ཚན་གཞན་དག་གི་བཙོན་པ་དེ་འདྲ་མང་པོ་ཡོད་སྲིད། ལོ་མང་རིང་བཙོན་འཇུག་བྱས་པའི་བཙོན་པ་དེ་དག་གི་སྐོར་གླེང་སློང་བྱེད་དགོས་པ་ཙམ་མ་ཟད་ཁོང་ཚོ་གློད་གྲོལ་ཡོང་བའི་ལས་འགུལ་སྤེལ་དགོས་པའི་དྲན་སྐུལ་ཐེབས་བྱུང་།

བསྟན་པ་དར་རྒྱས་ལགས་ཀྱི་ལོ་མི་སར་བའི་ལས་འགུལ་གྱི་ཐོག་ཏུ། བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མེར་སྲེག་གནང་མཁན་༡༧༢ ཀྱི་པར་དང་ལོ་རྒྱུས་འཁོད་པའི་བྱང་བུ་༡༧༢ ཅན་ཞིག་དང་། ཚེ་བཙོན་ཁྲིམས་ཆད་བཅད་པའི་ཆབ་སྲིད་བཙོན་པ་ཆོས་དབྱིངས་མཁས་གྲུབ་ཀྱི་ལོ་རྒྱུས་དེ་ཚོ་མཉམ་འབྲེལ་རྒྱལ་ཚོགས་ལ་འབུལ་རྒྱུ་རེད་འདུག

ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ཀྱིས་ལོ་མི་སར་བའི་ལས་འགུལ་ཐེངས་བཅུ་སྤེལ་ཟིན་འདུག

སིས་ཆོས་དབྱིངས་མཁས་གྲུབ་ལགས་ནི། ཕྱི་ལོ་༡༩༧༣ ལོར་སོག་རྫོང་ཡོག་ནག་གྲོང་ཚོར་སྐྱེས་ནས་སོག་ཙན་དན་དགོན་གྱི་གྲྭ་པ་གནང་། ཆོས་དབྱིངས་མཁས་གྲུབ་ནི་ཆབ་སྲིད་བཙོན་པ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ཐོག་མ་ཆགས་ཡོད་ལ། བཙོན་ཁང་དུ་ལོ་མང་ཤོས་བཅུག་པ་དེ་ཆགས་ཡོད།

ཕྱི་ལོ་༢༠༠༠ ཟླ་༣ ཚེས་༢༢ ཉིན་སོག་ཙན་དན་དགོན་པའི་གྲྭ་སིས་ཆོས་དབྱིངས་མཁས་གྲུབ་དང་། ཡེ་ཤེས་བསྟན་འཛིན། ངག་དབང་འགྱུར་མེད། བསྟན་འཛིན་ཆོས་དབང་། མི་སྐྱ་ཚེ་རིང་ལྷ་མགོན་དང་ཁྲག་རུ་ཡེ་ཤེས་གཉིས་བཅས་འཛིན་བཟུང་བྱས་ཡོད་པ་རེད།

ཁོང་རྣམས་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་ནི། ༢༠༠༠ ལོའི་ཟླ་༣ པའི་ནང་ཤིང་པར་རྒྱབ་པའི་ཡིག་ཆ་“༸ གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག  བོད་རང་བཙན་ཡིན། རྒྱ་དམར་བོད་ནས་ཕར་རྒྱུག་ཅིག་”ཅེས་པའི་ཡིག་ཆ་པར་ཤིང་གི་པར་སྐྲུན་བྱས་ནས་མི་མང་འདུ་འཛོམས་ཆེ་བའི་ས་ཁུལ་དུ་སྦྱར་གཏོར་བྱས་རྐྱེན་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་དང་། མི་མང་ལ་ངན་སྐུལ་དྲིལ་བསྒྲགས་བྱས་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་ཁྲིམས་ཆད་བཅད་འདུག

༢༠༠༡ ཟླ་༡ ཚེས་༢༩ ཉིན་ནག་ཆུ་ས་ཁུལ་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བས་ཆོས་དབྱིངས་མཁས་གྲུབ་ཚེ་བཙོན་ཁྲིམས་ཐག་བཅད་པ་དང་། ཚེ་རིང་ལྷ་མགོན་ལ་དུས་བཀག་བཙོན་འཇུག་ལོ་༡༥ དང་། ངག་དབང་འགྱུར་མེད་ལོ་༡༥ །  ཡེ་ཤེས་བསྟན་འཛིན་ལ་ལོ་༡༠། ཁྲག་རུ་ཡེ་ཤེས་ལོ་༧ ། བསྟན་འཛིན་ཆོས་དབང་ལོ་༧ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།

ཚེ་རིང་ལྷ་མགོན་དང་ངག་དབང་འགྱུར་མེད་གཉིས་དང་ཐོག་ལྷ་སའི་གྲྭ་བཞི་བཙོན་ཁང་དུ་བཙོན་འཇུག་དང། དེ་རྗེས་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ནས་མི་ལོ་ཧྲིལ་པོ་༡༥ ཁྲིམས་ཆད་ཁུར་རྗེས་ཁོང་གཉིས་གློད་གྲོལ་ཐོབ།

ཆབ་སྲིད་བཙོན་པ་བསྟན་འཛིན་ཆོས་དབང་དང་། ཡེ་ཤེས་བསྟན་འཛིན་གཉིས་བཙོན་ནས་ཐོན་སྐབས་གཟུགས་པོ་བདེ་པོ་མེད་པ་བཟོས་ནས། སྨན་བཅོས་བྱེད་མ་ཐུབ་པར་རིང་མིན་སྐུ་གྲོངས་ཡོད་པ་རེད།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||