ཕ་ཡུལ་གྱི་ལོ་སར་ལས་འཕྲོས་པའི་གཏམ་གླེང་།

རྩོམ་པ་པོ། ངག་དབང་ཕུན་ཚོགས།

དེ་རིང་ངས་བཤད་འདོད་པ་ནི་བོད་ཀྱི་ལོ་སར་སླེབས་ཉེར་སོང་། མི་ལོ་སོ་ལྔའི་རིང་མི་ཡུལ་དུ་ལོ་སར་བཏང་བའི་མྱོང་ཚོར་དང་འབྲེལ་བའི་ཐོག་ནས་བརྗོད་འདོད་བྱུང་ཞིང་། དེ་ཡང་ང་རང་འཚར་ལོངས་བྱུང་ས་ནི་བོད་ཤར་ཕྱོགས་ཁམས་ཆབ་མདོ་ཞེས་པའི་གནས་མཆོག་དེ་ནས་ཡིན་ཞིང་། ཆབ་མདོ་དགོན་ནས་ངོམས་ཆུ་བརྒྱུད་ནས་ཡར་ཕྱིན་པ་ཡིན་རླངས་འཁོར་དུ་ཆུ་ཚོད་གཉིས་ཙམ་ལས་མི་འགོར། ང་ཆུང་དུས་སྐྱེས་སའི་ལུང་པའི་ལོ་སར་བཏང་སྟངས་སྐོར་ལ་གང་དྲན་པ་ཞིག་ཕྱི་དྲན་བྱེད་འདོད་བྱུང་ཞིང་། ང་སྡོད་སའི་ལུང་པ་ནི་ས་མ་འབྲོག་ཡིན་ནའང་ཞིང་ལས་ཤུགས་ཆེ་ཙམ་ཡོད། ལོ་སར་མ་ཚེས་གོང་གི་ཟླ་བ་གཅིག་གི་གོང་དུ་ཁྱིམ་ཚང་སོ་སོའི་ལོ་སར་ལ་གྲ་སྒྲིག་བྱ་སྲོལ་ཡོད། ང་ཚོའི་ནང་ལ་ཆ་མཚོན་ན། ཨ་ཕས་འབྲུ་ཟོ་བ་བདུན་ནམ་བརྒྱད་ཙམ་དང་། ཤ་དང་མར་སོགས་སྒྲོ་བ་ནང་བླུགས་ནས་ཆབ་མདོ་ལ་བཙོང་རྒྱུ་འཁྱེར་ནས་བཙོང་གི་རེད་ལ། དེས་སྒོར་མོ་གང་རག་པ་ནང་མི་རྣམས་ལ་ལོ་སར་གྱི་ཟ་ཆས་དང་། གྱོན་ཆས་བཟོ་ཆེད་རས་ཆ་ཉོས་གནང་ནས་ཡོང་གི་རེད། དེ་ནས་འཚེམ་བཟོ་སྐད་བཏང་ནས་ནང་མི་ཚང་མར་འོག་འཇུག་དང་། ཕྱུ་པ། གོས་ཐུང་སོགས་གསར་འཚེམ་གནང་གི་རེད། ད་ལྟ་དྲན་སོས་པ་ནི་རྒྱ་མིའི་བཟོ་བ་ཚོའི་གྱོན་ཆས་རས་ལྷམ་ཞིག་ཡོད་པ། སྐབས་དེ་དུས་རྒྱ་སྒོར་ལྔ་ཙམ་རེད། དེ་ལས་ཏོག་ཙམ་ཡག་པ་ཞབས་མཐིལ་ཐུག་ཙམ་ཡོད་པ་དེར་རྒྱ་སྒོར་བཅུ་ཐམ་པ་ཙམ་རེད། ཕྲུ་གུའི་དུས་སྐབས་སུ་དེ་གྱོན་རྒྱུ་རག་ན་དགའ་སྣང་དཔག་མེད་སྐྱེ་མྱོང་ཡོད་ཅིང་། དགའ་ནས་ལྷམ་ཀོག་དེ་ལ་ཡང་ཡང་ལྟ་ཤོར་བ་དང་། གཞན་གྱིས་ཁྱོད་ལ་ཨ་ཕས་ལྷམ་ཀོག་ཡག་པོ་ཉོ་འདུག་ལབ་རོགས་བྱས་ན་བསམ་ན་གཞན་གྱི་མདུན་ནས་ཕར་འགྲོ་ཚུར་འགྲོ་བྱེད་པ་སོགས་དྲན་དུས་ད་ལྟ་ང་རང་སེམས་གཏིང་ནས་གད་མོ་ཤོར་གྱི་འདུག །ལྷམ་ལ་ཐལ་བ་འདྲ་འགོས་ཚེ་ནང་དུ་སླེབས་དུས་ལག་པས་གཙང་མ་ཕྱི་བ་སོགས་བྱེད་མྱོང་ཡོད། སྐབས་དེ་དུས་བྱིས་པའི་སེམས་ཁམས་ནི་དེ་འདྲ་བཅོས་སླད་མེད་པར་ཞིག་མ་རེད་དམ།

ཨ་ཕས་སླེ་པོ་ནང་དུ་ར་ལུག་མགོ་དང་། གཡག་མགོ་སོགས་མེར་བསྲེགས་རྒྱུ་ཕྱི་ལོགས་སུ་འཁྱེར་ནས་འགྲོ་བ་ལས་ཁྱིམ་ཚང་གི་ཐབ་ཏུ་མེར་བསྲེགས་ཀྱི་མ་རེད། རྒན་རབས་ཚོས་གལ་སྲིད་ཁྱིམ་ཚང་གི་ཐབ་ཏུ་ར་ལུག་མགོ་སོགས་མེར་བསྲེགས་ཚེ་ཐབ་ལྷ་ཉམས་ཀྱི་རེད་ཟེར་ནས་ནང་གི་ཐབ་ཏུ་མེར་མི་བསྲེགས། ཁྱིམ་ཚང་ནས་ས་ཐག་རིང་ཙམ་ཕྱི་ལོགས་སུ་ཐབ་བཅས་ཏེ་ར་ལུག་མགོ་མེར་བསྲེགས་ནས་སྤུ་མེད་པ་བཟོ་སྲོལ་ཡོད། དེ་དུས་ང་ཡང་ཨ་ཕ་མཉམ་དུ་འགྲོ་རྒྱུ་རག་ཐབས་བྱེད་མྱོང་ཡོད་ཅིང་། གང་ཡིན་ཟེར་ན་ཨ་ཕས་གཡག་མགོ་སོགས་མེར་བསྲེགས་ཚར་དུས་མགོ་ཤ་སྤྲད་གནང་གི་རེད། བྲོ་བཅུད་ཧ་ཡང་ཆེན་པོ་ཡོད། གཡག་མགོ་སོགས་མེར་བསྲེགས་ཚར་དུས་སྟ་རེ་རྣོ་ངར་དེ་ཙམ་མེད་པ་ཞིག་ར་ལུག་གི་མགོ་རྣམས་གྲུ་བཞི་བཟོས་ཏེ་ཁྲོ་ཆེན་ནང་དུ་བཙོ་ཆོག་ཆོག་བཟོ་བ་དང་། ལོ་སར་མ་ཚེས་གོང་གི་ཉིན་མ་གཉིས་ཙམ་སྔོན་ལ་ཐབ་ཏུ་ཁྲོ་ཆེན་བཙུགས་ནས་ར་ལུག་མགོ་དེ་དག་བཙོས་རེད།  བཙོས་ནས་ཞག་ཚི་སེར་གྱིལ་ལེ་ཁྲོའི་ཁ་ལ་འཁྱིལ་ཡོང་བ་དང་། རག་སྐྱོག་གིས་ཞག་ཚི་ག་ལེར་ཚུར་བཅུས་ཏེ་ཕོར་པ་ནང་དུ་བླུགས་ནས་དེར་རྩམ་པ་བརྒྱབ་ནས་སྤགས་བརྫི་པ་ཡིན་ན་དཔེ་ཞིམ་པོ་ཡོད། ཕ་མས་དེ་ལྟར་སྤྲད་གནང་གི་ཡོད།

བུད་མེད་རྣམས་ཀྱིས་འབྲུ་ནས་གཙང་མ་བཀྲུས་ནས་སྐམ་རྗེས་ལྕགས་སླང་ནང་འབྲུ་བརྔོས་ཏེ་ཡོས་ལག་འཐག་བྱེད་དགོས་པ་དང་། དེ་བཞིན་གྲོ་ཡང་འཐག་དགོས་པ་རེད། དེ་དག་ཚར་རྗེས་བྲོ་གཏུན་རྡོའི་ནང་རྡུང་སྟེ་སྤུ་བཅད་དགོས་པ་དང་། སྤུ་བཅད་ཚར་རྗེས་གཙང་མ་བཟོ་ནས་ཁྲོ་དང་། ཡང་ན་ཧ་ཡང་ཆེན་པོ་དེ་འདྲའི་གང་རུང་ནང་བླུགས་ཏེ་ཐབ་ཏུ་མེ་བཏང་ནས་བཙོ་དགོས། དེར་བྲོ་བ་ཞིམ་པའི་ཆེད་དུ་རྡོར་ལ་ར་ལུག་ཤ་དང་། གཡག་ཤ་གང་རུང་བླུགས་ཀྱི་རེད། ཉིན་གང་བཙོས་རྗེས་དཔེ་མི་སྲིད་པའི་བྲོ་བཅུད་ཆེན་པོ་ཡོད། བཙོས་རྗེས་གར་པོ་ཆགས་ཀྱི་ཡོད་པས། དགོང་ཟས་ཆེད་དུ་ཉུང་ཙམ་ཟུར་དུ་བཏོན་ཏེ་བསྐོལ་ནས་ཉིན་གྲངས་བཅོ་ལྗ་ཙམ་འདང་བ་དེ་འདྲ་ཡོད་པ་རེད་ལ། བསང་ཤུག་འཐུ་རུ་ཨ་མ་འགྲོ་གིན་ཡོད་ལ། གལ་སྲིད་ཨ་མ་མ་ཁོམ་ཚེ་ང་བསང་ཤུག་འཐུ་རུ་བསྐྱོད་ཀྱི་ཡོད། དེ་ཡང་ཞོགས་ཟས་ཚར་རྗེས་འཁུར་ཐག་དང་ཤིང་གི་ཟོ་བ་འཁྱེར་ནས་ཤུག་པ་འཐུ་རུ་རི་ལ་ཆས་དགོས་ཀྱི་ཡོད། བསང་ཤུག་འཐུ་དུས་རྐང་འོག་ཏུ་མ་ཚུད་པ་བྱེད་པ་དང་། ནང་དུ་སླེབས་དུས་ཀྱང་མིའི་མི་འགོམས་སར་འཇོག་གི་རེད།

ཉེར་དགུ་ཉིན་མོར་ཁང་པའི་དུ་ཁུང་དང་ཐབ་ཚང་གཙོས་ཕྱི་ནང་ཚང་མ་ཕྱགས་ནས་གཙང་མ་བཟོ་བ་དང་། ནང་གི་ཉལ་ཆས་ཚང་མ་ཕྱི་ལོགས་སུ་བཏོན་ནས་རླུང་བུ་འགྲོ་སའི་ཕྱོགས་སུ་སྐམ་གྱི་ཡོད་པ་རེད། དེ་ནི་ནད་གདོན་སྡིག་སྒྲིབ་ཐམས་ཅད་བྱང་ཞིང་དག་པར་འགྱུར་བའི་ཡིད་ཆེས་བྱེད་སྲོལ་ཡོད། དགུ་ཁྲུས་ཞེས་པ་ནི་ཉེར་དགུ་ཉིན་མོར་དགུ་ཁྲས་ཞེས་ཟེར་ཞིང་། དེ་ཉིན་བུད་མེད་ཚོའི་སྐྲ་བཀྲུ་བ་དང་། བུ་ཕྲུག་ཚོ་སྐྲ་བཞར་བ་སོགས་བྱེད། གནམ་གང་ཉིན་མོ་སྐྲ་གཏན་ནས་བཞར་མི་རུང་ཟེར། དགོང་མོ་ས་རུབ་དུས་དུ་ཁུང་སོགས་གཙང་མ་བཟོ་པའི་གད་སྙིགས་དེ་དག་འཁྱེར་ནས་བྱང་གི་ཕྱོགས་སུ་ཁ་བཏད་ནས་ཚོམ་བུ་ཚོམ་བུ་ཅན་དགུ་བླུགས་སྲོལ་ཡོད། དེ་ནི་དགུ་གླུད་ཅེས་བཤད་སྲོལ་ཡོད་པ་རེད། དེ་བཞིན་དེ་ནུབ་ས་རུབ་དུས་དགུ་ཐག་སྐོལ་བ་དང་། དགུ་ཐུག་གི་རྡོར་ལ། ཤ་དང་། ལ་ཕུག །གྲོ་མ། སྲན་མ། སྔོ་ཚོད་སོགས་ཟས་རིགས་སྣ་ཁ་དགུ་ཚང་དགོས་པ་རེད། སྤབས་རིལ་གཞན་ལས་ཏོག་ཙམ་ཆེ་བ་བཟོས་ཏེ་སྤགས་རིལ་ནང་དུ་ཚ་དང་། སོ་བ། སེ་པན། ཇ་ལོ་ལ་སོགས་བསྒྲིལ་སྲོལ་ཡོད་ཅིང་། དེ་དག་སུའི་ཕོར་པ་ནང་སླེབས་པ་ཡིན་ན། མི་གཤིས་མཚོན་དོན་གྱི་འགྲེལ་བཤད་བརྒྱབ་སྲོལ་ཡོད། སོ་བ་སླེབས་ཚེ་སེམས་ནག་པོ་སོ་བ་ནང་བཞིན་ཡོད་པ་རེད་ཟེར་ནས་ཕྲུ་གུ་སྐབས་སུ་སོ་བ་སླེབས་ན་སེམས་པ་ཧ་ཅང་སྐྱོ་གནང་བྱེད་མྱོང་ཡོད། དགུ་ཐུག་འཐུང་ཚར་རྗེས་ཐུག་ལྷགས་བྱང་གི་ཕྱོགས་སུ་ཤོད་ཀྱི་རེད།

དེ་ནས་གནམ་གང་ཉིན་མོ་ཐབ་ཟུར་གྱི་བམ་ཁྲི་སྟེང་དུ་སྐུ་པར་ཡོད་ན་དེའི་མདུན་གཡག་ཤ་དང་། ར་ལུག་གི་ཤ། ཐུད་ཅེས་པའི་གྲོ་རྩམ་བརྫིས་ནས་ཆུ་ནང་བཙོས་ཚར་རྗེས། ཀ་ཏོ་རའི་ནང་ཚུར་བཏོན་རྗེས་མར་དང་། ཕྱུ་ར་བཅས་མཉམ་དུ་བསྲེས་ཏེ་བརྫིས། དེ་དག་ཚར་རྗེས་ལེབ་ལེབ་གྲུ་བཞི་དང་། དཀྱིལ་ནས་ཤོང་ཤོང་ཡོད་པ་དེ་འདྲའི་བཟོས་ཏེ་སྒྲིག་གཤོམ་བྱ་སྲོལ་ཡོད།

ལྷག་པར་སྐབས་དེ་དུས་ང་ཚོ་ནང་དུ་རིག་གནས་གསར་བརྗེ་ཞེས་པའི་རླུང་འཚུབ་སྐབས་སྐུ་གསུང་ཐུགས་རྟེན་ཡོངས་རྫོགས་བཙན་འཕྲོག་བྱས་པར་བརྟེན། ཁྱིམ་ནང་སྐུ་འདྲ་དེ་འདྲའི་དམིགས་བསལ་གང་ཡང་ཡོད་པ་མ་རེད། གནམ་གང་ཉིན་གྱི་དགོང་མོ་ཐབ་ཀའི་སྟེང་ངོས་སུ་གྲོ་རྩམ་གྱི་ནོར་བུ་མེ་འབར་དཀར་ཐེག་བརྒྱབ་སྟེ་འབྲི་བ་དང་། གསེར་ཉ་ཁ་སྤྲོད། ནང་གི་གྱང་ངོས་སུ་རྒྱ་ནག་ལྕགས་རིའི་རི་མོ་ལ་སོགས་འབྲི་སྲོལ་ཡོད་པ་རེད། དེ་དག་མཐོང་དུས་སེམས་ནང་དགའ་སྣང་སྐྱེ་མྱོང་ཡོད། ལོ་སར་གྱི་ཚེས་གཅིག་གི་ཞོགས་པ་སྔ་པོ་ཨ་མ་ཉལ་ས་ནས་ལངས་ཏེ་ཆུ་ཕུད་ལེན་པ་འགྲོ་དགོས་ཤིང་། ཆུ་ལེན་པར་རྒྱུག་ཆུ་ཡོད་སའི་ཕྱོགས་སུ་འགྲོ་དགོས་པ་ལས་ཡུར་ཆུ་ནང་དགུན་དུས་ཁྱག་པ་ཆགས་ནས་ཆུ་ཡོང་གི་མེད། ཚེས་པ་གཅིག་གི་ཞོགས་པ་ཆུ་ཕུད་ལེན་པར་འགྲོ་དགོས། མི་གཅིག་གི་ཆུ་ཟོམ་འཁྱེར་བ་དང་། མི་གཅིག་གི་བསང་ཤུག་དང་། ཤིང་། བྲོ་ཚ་དང་། མར། ཆང་ཕུད་བཅས་འཁྱེར་ནས་འགྲོ་དགོས། རྒྱུག་ཆུར་ཁྱག་པ་ཆགས་ནས་སྐབས་རེ་ཆུ་མི་ལོན་པ་དཀའ་ངལ་ཕྲན་བུ་ཡོང་གི་ཡོད། རྒྱུག་ཆུ་འགྲམ་དུ་མེ་སྤར་ཚར་རྗེས་བསང་བཏང་ནས་མཆོད་པ་སོགས་འབུལ་རྗེས་ཆུ་ཟོམ་ནང་ཆུ་ཕུད་བཅུས་ནས་ནང་དུ་ཡོང་དགོས་པ་རེད། ཆུ་ཕུད་དང་པོ་སུ་ལོན་ན་ལོ་དེའི་ཁྱིམ་ཚང་དེར་སྟོན་ཐོག་ཡག་པོ་ཡོང་བར་བརྩི་སྲོལ་ཡོད་པ་རེད། ཆུ་ཕུད་ལེན་པར་འགྲོ་དུས་ཆུ་ཟོམ་སྟོང་པ་ཐུག་ན་ངན་པ་བརྩི་སྲོལ་ཡང་ཡོད་པ་རེད། ཡིན་ནའང་དེ་དག་བརྩི་སྲོལ་ཙམ་ལས་མཐའ་གཅིག་ཏུ་ཡོང་བའི་ངེས་པ་གང་ཡང་མེད། ཚེས་པ་གཅིག་གི་ཉིན་མོར་གཞན་གྱི་ནང་དུ་གཏན་ནས་འགྲོ་སྲོལ་མེད་ཅིང་། དེ་ཉིན་ཁྱིམ་ཚང་གཞན་གྱི་ནང་དུ་སོང་ཚེ་ལོ་གཅིག་གི་རིང་ནང་དུ་བསྡད་མ་ཐུབ་ནས་གཞན་གྱི་ནང་དུ་འགྲོ་དགོས་ཐུག་གི་རེད་ཅེས་བཤད་སྲོལ་ཡོད་པ་ལྟར་འཛིམ་ཟོན་བྱེད་ཀྱི་ཡོད། ལོ་སར་ཚེས་པ་གཉིས་ནས་བཟུང་སྟེ་ཁྱིམ་ཚང་ཕན་ཚུན་མགྲོན་འབོད་ལ་འགྲོ་སྲོལ་ཡོད་ལ།

ལྷག་པར་ལུང་པ་དེར་མི་ཤི་གོད་ཆག་མ་བྱུང་ཚེ་ཚེས་པ་གཉིས་ཀྱི་དགོང་མོ་ས་རུབ་ཚར་རྗེས་ཁྱིམ་ཚང་སོ་སོའི་བྲོ་རྡུང་དུས་སྤར་རྒྱུ་མེ་ཤིང་འཁུར་ནས་ཡོང་གི་ཡོད་ལ། ཐང་སྟེང་དུ་མེ་སྤར་ནས་བྲོ་འཁྲབ་སྲོལ་ཡོད་ཅིང་། ཕྱོགས་གཅིག་ལ་བུ་དང་། ཕྱོགས་གཅིག་ལ་བུད་མེད་བཅས་ཕན་ཚུན་ཟློས་ལན་བྱེད་རེས་ཀྱིས་འཁྲབ་སྲོལ་ཡོད་པ་དང་། དང་ཐོག་དལ་མོ་འཁྲབ་པ་དང་། དེ་ནས་རིམ་བཞིན་ཇེ་མགྱོགས་འཁྲབ་ཀྱི་རེད། སྐབས་རེ་སྡེ་པ་ནང་མི་ཤི་གོད་ཆགས་བྱུང་བ་ཡིན་ན་ནང་མི་དེར་སེམས་གསོ་ཆེད་དུ་ལོ་དེར་བྲོ་གཞས་སོགས་འཁྲབ་ཀྱི་མ་རེད། དེར་བརྟེན་ལོ་ཆུང་བ་རྣམས་སྡེ་པ་གཞན་ལ་ལྟད་མོ་ལྟ་བར་བསྐྱོད་ཀྱི་ཡོད། ས་ཐག་རིང་ཙམ་ཡོད་རུང་སྐབས་དེ་དུས་ལོ་ཆུང་ཡིན་དུས་དཀའ་སྣང་ཤར་མྱོང་མེད། དེར་འགྲོ་དུས་སྐབས་རེ་སྡེ་པ་ཕན་ཚུན་བྲོ་ཤགས་སྐབས་དཔེ་མི་སྲིད་འཁྲུགས་ཆ་ཡོད་མོད། སྟབས་མ་ལེགས་ན་སྡེ་པའི་ཕོ་གསར་མོ་ཕན་ཚུན་བར་འཁྲུག་འཛིང་ཡང་ཤོར་གྱི་ཡོད། འཁྲུག་འཛིང་ཤོར་བ་ཉུང་ཉུང་རེད། ཡིན་ནའང་དེ་འདྲའི་འཁྲུག་པ་ཤོར་གྱི་ཡོད་པ་སོང་ནང་གི་ཕ་མས་སྡེ་པ་གཞན་དུ་བྲོ་འཁྲབ་སར་བཏང་རྒྱུར་དཀའ་ལས་ཁ་ཙམ་ཡོད། ཡིན་ནའང་མཚན་མོ་ཕ་མ་ཉལ་ཚར་དུས་ཕ་མའི་མི་ཚོར་བའི་ཐོག་ཉལ་ས་ནས་ལངས་ཏེ་གྲོགས་པ་ཚོ་དང་མཉམ་དུ་བྲོ་འཁྲབ་སར་ལྟད་མོ་ལྟ་བར་བསྐྱོད་ཀྱི་ཡོད། ནམ་མ་གསལ་གོང་དུ་རང་ཁྱིམ་དུ་སླེབས་ཐུབ་པ་བྱེད་ཀྱི་ཡོད། ང་སྐྱེས་སའི་ས་ཁུལ་ནི་བྲོ་གླུ་ལ་དགའ་སྣང་ཡོད་མཁན་གྱི་གྲོང་སྡེ་ཞིག་ཡིན་ལ། སྒོ་ཕྱི་ལ་ཐོན་པ་དང་། རྒན་གཞོན་བར་གསུམ་ངག་ནས་གླུ་དབྱངས་ལེན་བཞིན་བསྐྱོད་ཀྱི་ཡོད། དེ་བཞིན་མི་ཚོས་སེམས་དགའ་ན་དགའ་གླུ་དང་། སེམས་སྡུག་ན་སྡུག་གླུ་ཞེས་ལབ་སྲོལ་ཡོད་པ་རེད།

ལོ་སར་གྱི་ཚེས་པ་གསུམ་གྱི་ཉིན་མོར་སྡེ་པ་ཚང་མ་ལུས་ལ་གཟབ་མཆོར་སྤྲས་ཏེ་བསངས་གསོལ་བཏང་བ་དང་། མེ་མདའ་འཕེན་པ། གླུ་ལེན་པ། བྲོ་རྡུང་བ་སོགས་བྱེད་སྲོལ་ཡོད། དེ་བཞིན་རྟ་སྒ་གསར་ཡོད་ཚེ་རྟ་བརྒྱབ་ནས་བཞོན་སྲོལ་ཡོད་པ་རེད།

 དེ་ནས་ཁྱིམ་མཚེས་ཕན་ཚུན་མགྲོན་འབོད་རེའི་ཚེས་པ་བཅོ་ལྔ་ཙམ་གྱི་རིང་དུ་དལ་ལྷོད་ངང་སྡོད་སྲོལ་གྱི་གོམས་སྲོལ་ཞིག་ཀྱང་ཡོད་པ་རེད། གནམ་གཤིས་ཡག་པོ་ཤར་ཚེ་ཉི་རའི་འོག་ཏུ་གདན་བཏིང་ནས་ཉི་མ་སྲོས་བཞིན་གླིང་སྒྲུང་ཀློག་ནས་སྡོད་ཀྱི་ཡོད། ངའི་རྨོ་མོ་ནི་གླིང་སྒྲུང་ལྟ་ཉན་བྱ་རྒྱུར་ཧ་ཅང་དགའ་མོས་ཡོད་མཁན་ཞིག་ཡིན་པས། རྨོ་མོའི་མིག་གི་ཡག་པོ་དེ་ཙམ་ཞིག་མཐོང་གི་མེད་པས། ང་ལ་གླིང་སྒྲུང་ཀློག་བཅུག་གི་རེད། ངས་གླིང་སྒྲུང་དུས་ཀློག་ནོར་ཤོར་ཡོད་ན་དེ་འདྲ་ཡིན་གྱི་མ་རེད་ཅེས་རྨོ་མོས་ནོར་བཅོས་གནང་ཐོབ་པའི་དེ་འདྲའི་གླིང་སྒྲུང་ཉན་གོམས་དང་། གོ་བ་ཧ་ལས་པ་ཡོད་པ་རེད།  

ང་ནི་ཆུང་དུས་ནས་རྒན་རབས་རྣམས་ཀྱི་འགྲམ་དུ་བསྡད་ནས་འདས་མ་འོངས་གསུམ་གྱི་གནས་ཚུལ་ཉན་རྒྱུར་ཧ་ཅང་གི་དགའ་སྣང་ཡོད་མཁན་ཞིག་ཡིན་པས། ལོ་སར་དང་དེ་འདྲའི་སྐབས་སུ་བགྲེས་སོང་ཚོའི་འགྲམ་དུ་བསྡད་ནས་སྐད་ཆ་ཉན་གྱི་ཡོད། སྐབས་དེ་དུས་ཀྱི་ཚོར་བ་འབེལ་པོ་དེ་འདྲའི་གང་ཡང་མེད་རུང་། ཧ་ཅང་སེམས་ཁམས་དལ་ལྷོད་ངང་ཡོད་པ་ལས་སེམས་ནང་དུ་དངངས་སྐྲག་ཡོད་པ་ཕྱི་ལོགས་སུ་དེ་འདྲའི་གང་ཡང་མི་ཚོར། ཡིན་ནའང་སེམས་ནང་དུ་མ་བདེ་པ་ཞིག་ཡོད་པ་བགྲེས་སོང་ཚོའི་སྐད་ཆ་བར་ནས་ཤེས་ལ། འགའ་ཤས་ཆང་གིས་བཟི་དུས་ང་ཚོ་མི་ཚེའི་ཚེ་སྟོད་ལ་དཀའ་སྡུག་དེ་འདྲ་ཞིག་མྱོང་དགོས་བྱུང་། དེ་དབང་གིས་ད་དུང་ང་ཚོར་དཀའ་ངལ་ག་དུས་ཡོང་ན་བསམ་ནས་སེམས་གཏིང་དུ་སྤྲོ་སྣང་དེ་ཙམ་ཞིག་མི་འདུག་ཟེར།  སྐབས་རེ་བགྲེས་སོང་དེ་དག་གིས་རིག་གསར་སྐབས་ཀྱི་དཀའ་སྡུག་མྱོང་ཚུལ་རྣམས་བཤད་ཅིང་མིག་མཐར་མཆི་མ་འཁོར་བར་མཐོང་མྱོང་ཡོད། སྐབས་དེ་དུས་བགྲེས་སོང་དེ་དག་གིས་རྣམ་འགྱུར་ངའི་སེམས་ཁམས་སུ་ཟུབ་ཐབས་མེད་པའི་སྨ་ཁའི་བག་ཆགས་ཟབ་མོ་ཞིག་བཞག་འདུག །ནོར་ལུག་རྗེས་སུ་རྫི་བོར་འགྲོ་དུས་སེམས་ནང་དུ་བགྲེས་སོང་དེ་དག་གི་བཤད་པའི་སྐད་ཆ་སེམས་ནང་ཡང་ཡང་འཁོར་འོང་ཞིང་། སྐབས་རེ་རང་ཉིད་ལ་ནུས་པ་ཅི་ཡང་མེད་པའི་འཚོ་སྣང་ཡང་སྟེར་མྱོང་ཡོད། གནས་འདི་མ་ཡིན་པ་ས་ཆ་གཞན་ཞིག་ཏུ་འགྲོ་ཐུབ་ན་ཅི་མ་རུང་སྙམ་པའི་སེམས་ནང་དུ་སུན་སྣང་ཡང་ཡང་སྐྱེ་མྱོང་ཡོད། ལྷག་པར་མི་དམངས་མཉམ་ལས་སྐབས་སུ་ང་ཚོ་སྡེ་མི་ལ་ལྟ་རྟོག་བྱེད་མཁན་རྒྱ་མི་ལས་བྱེད་བུད་མེད་གཅིག་ཡོད་ཅིང་། བུད་མེད་དེ་ནི་ཧ་ཅང་སྐད་ཚ་པོ་ཅན་དང་། གཤིས་རྒྱུད་གྱོང་པོ་ཅན་ཞིག་ཡོད། ཞོགས་པ་སྔ་པོ་ཞིང་ཁའི་མུར་ལངས་ཏེ་ཁྱོད་ཚོ་ལས་ཀ་ལ་ཡོང་གི་མིན་པེ། ཆུ་ཚོད་ཟིན་འདུག །ལས་ཀ་མ་བྱས་པ་ཁྱོད་ཚོ་ལ་སུ་ཁ་ལག་སྤྲད་ཀྱི་རེད་ཅེས་འབོད་ཀྱི་ཡོད། ལོ་སར་སླེབས་ཉེ་སྐབས་དེར་མི་དམངས་ཚང་མ་ཡོད་ས་ལ་ངའི་ཨ་ཕ་ལ་མཛུབ་མོ་བཙུགས་ནས་ཕྱུགས་པོ་ཁོ་ཚོ་ལ་མིག་དཔེ་ལྟ་དགོས་མ་རེད། ཁོ་ཚོ་སྐྱིད་པོ་བཏང་བའི་གོམས་གཤིས་ཡོད་པར་སོང་ཆང་འཐུ་བ་དང་བག་རྩེ་བ་སོགས་བྱེད་ཀྱི་རེད། ཁྱོ་ཚོ་དེ་འདྲ་མ་རེད། ལོ་སར་སྐབས་ཆང་བཙོ་བ་དང་། འཐུང་བ་སོགས་དགོས་མ་རེད། འབྲུ་རིགས་འཕྲོག་ལྷག་རེད་ཅེས་ཟུར་ཟས་དང་དམའ་འབེབས་ཀྱི་ཚིག་ངན་དེ་དག་གོ་དུས་སེམས་ནང་བརྗོད་མི་ཤེས་སྡུག་བསྔལ་དང་སུན་སྣང་སྐྱེ་མྱོང་ཡོད། དེ་དང་དེ་འདྲ་བའི་ངའི་སེམས་མ་སྐྱིད་པ་གྲངས་ལས་འདས་པ་བྱུང་ཡོད་མོད། དེ་རིང་ཙམ་ཡིན།

ང་རྒྱ་གར་སླེབས་ནས་ལོ་ངོ་གཉིས་ཙམ་གྱི་རྗེས་སྦིར་སློབ་གྲྭར་སོང་ཞིང་། སློབ་གྲྭ་དེ་ནི་བོད་ནས་ཡོང་མཁན་ཕོ་གསར་མོ་གསར་རྐྱང་ཡིན་པ་དང་། སློབ་གྲྭ་དེར་སླེབས་དུས་བོད་ནང་སློབས་སོང་བསམ་པའི་འཚོ་སྣང་སྤྲོད་ཀྱི་ཡོད། སློབ་གྲྭ་དེར་སློབ་མ་མང་ཆེ་བ་ནི་ལོ་ཚོད་དབང་གིས་བསམ་བློ་སྨན་པ་ཤ་སྟག་སོང་སློབ་སྦྱོང་ལ་འབད་བརྩོན་ཧ་ཅང་ཆེ།

ང་སློབ་གྲྭ་དེར་སླེབས་ནས་ལོ་སར་ཐོག་མ་གཏོང་དུས་ཕ་ཡུལ་གཅིག་པའམ་ཡང་ན་ཕན་ཚུན་སློབ་གྲྭ་ནང་ལོགས་ཀྱི་སློབ་ཕྲུག་ངོ་ཤེས་རྣམས་མཉམ་དུ་སྒོར་མོ་རུབ་སྟེ་ལོ་སར་བཏང་གི་འདུག་ཅིང་། ལོ་སར་ལ་སློབ་གྲྭ་གུང་སེང་ཉིན་མ་གསུམ་ཙམ་ལས་མེད། ལོ་སར་སྐབས་ཕ་ཡུལ་དང་ཕ་མ་དྲན་ནས་རང་བཞིན་མེད་པར་སེམས་ནང་དུ་དགའ་སྤྲོ་རྣམ་པ་ཡལ་ནས་སྐྱོ་སྣང་ཚད་མེད་སྐྱེ་འོང་གི་ཡོད་ལ། ཕ་ཡུལ་ནང་བཞིན་མཐུན་རྐྱེན་དང་ཁོར་ཡུག་མེད་དུས་ལོ་སར་ཡིན་པ་སེམས་ནང་འཚོ་སྣང་ཞིག་དེ་ལས་ཀྱང་འོང་གི་མེད།

རིམ་གྱིས་འཕྲོད་བསྟེན་དབང་གིས་སློབ་གྲྭ་དེ་ནས་ཐོན་ཏེ་ཚོགས་སྡེ་ཞིག་ཏུ་ལས་ཀ་རག་པ་དང་། ང་ལས་ཀ་བྱེད་ས་དེར་ལས་བྱེད་མང་པོ་དེ་ཙམ་མི་འདུག་ཅིང་། ཁ་ལག་ཟ་སར་སྤྱི་ཐབ་འདུག་ལ། དེ་ནང་དུ་ཁ་ལག་ཟ་མཁན་མང་ཆེ་བ་ཕོ་ཧྲེང་རྐྱང་རེད། ལོ་སར་གྱི་ཉེརདགུ་ཉིན་ནུབ་མོ་དགུ་ཐུག་སྤྱི་ཐབ་མ་ཆེན་གྱིས་བསྐོལ་འདུག་པ་དང་། ང་ཚོ་ཚང་མས་དགུ་ཐུག་འཐུ་ཚར་རྗེས་ཐུག་ལྷགས་ཕོར་པ་ཕན་ཐོགས་མེད་པ་དེ་འདྲའི་ཞིག་ཏུ་ཐུག་ལྷགས་བླུགས་ནས་མི་གཟུགས་གླུད་ཅིག་བཟོས་ཏེ་དེའི་མཐའ་སྐོར་དུ་ཟ་རོ་འཐུང་རོ་ལ་སོགས་མི་ཞིག་གིས་ཕྱི་བལྟས་མེད་པར་འཁྱེར་བ་དང་། དེའི་རྗེས་སུ་མི་ཞིག་གིས་ཤིང་ལོ་རྡོག་རྡོག་དེར་མེ་སྤར་ནས་ནད་གདོན་ཐམས་ཅད་མར་དོན་ཤོག་མར་དོན་ཤོག་ཅེས་སྐད་བརྒྱག་པ་སོགས་བྱེད་ཀྱི་རྣམ་འགྱུར་དང་བྱེད་སྟངས་དེ་དག་མཐོང་བ་དང་། དེ་འདྲའི་བྱེད་སྟངས་མཐོང་བ་ཐེངས་དང་པོ་ཡིན་དུས་རང་དབང་མེད་པ་གད་མོ་ཤོར་གྲབས་བྱེད་ཀྱི་འདུག་པ་དང་། ང་སྐྱེས་སའི་ཕ་ཡུལ་ནས་དེ་འདྲ་བྱེད་པར་མཐོང་མྱོང་མེད། ད་ནི་མི་ལོ་སོ་ལྔ་རིང་མི་ཡུལ་དུ་ལོ་སར་བཏང་དགོས་བྱུང་སོང་ཡང་། ཆུང་དུས་བོད་ནང་གི་ལོ་སར་གྱི་འཚོ་སྣང་དེ་སེམས་ནང་དུ་ཡོང་གི་མི་འདུག་ཅིང་། ང་ཚོ་ཚང་མ་སྐྱིད་པའི་ལོ་སར་གཞིས་བྱེས་མཉམས་འཛོམས་ཀྱི་སྐྱིད་པའི་ཉི་མ་ག་དུས་ཤར་ན་བསམ་ནས་རེ་སྒུག་བྱ་རྒྱུ་ལས་མ་འདས་སོ།  ཞེས་པ་འདི་ནི་མི་ཡུལ་དུ་ལོ་སར་བཏང་ནས་མི་ལོ་སོ་ལྔ་འཁོར་བའི་ཉིན་མོར་དྲན་རྟེན་དུ་ཚུལ་དུ་ཆབ་མདོ་ངག་ཕུན་ཞེས་འབོད་པའི་བྲིས་པའོ། །

སྨྲས་པ།

དྷ་སའི་རི་བོ་རྩེ་ལ།། ཁ་བ་དཀར་པོ་བཞག་སོང་།།

སྐྱིད་པའི་ཕ་ཡུལ་ཞིང་ས།། ཡིད་ལ་ཡང་ཡང་འཁོར་བྱུང་།།

གངས་ཅན་བོད་ཀྱི་ལོ་སར།། དགའ་སྐྱིད་ལྡན་པའི་ལོ་སར།། 

གཞིས་བྱེས་བོད་འབངས་ཡོངས་ལ།། དགའ་སྐྱིད་རྫོགས་ལྡན་ཡོང་སྨོན།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||