བཅའ་ཁྲིམས་བསྐྱར་བཅོས་འཆར་ཟིན་གྱི་བརྗོད་པ་༡ པོ་དང་སྔོན་རྩིས་བགྲོ་གླེང་མུ་མཐུད་སོང་།

ཟླ་འདིའི་ཚེས་༢༦ ་ཉིན་གྱི་ཞོགས་པའི་ཆུ་ཚོད་༩།༣༠ སྟེང་སྐབས་༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བདུན་པའི་ལས་ཉིན་བརྒྱད་པ་སྤྱི་འཐུས་ཚོགས་གཙོ་དབུ་བཞུགས་ཐོག་དབུ་འཛུགས་གནང་སོང་།

པར། བོད་མི་མང་སྤྱི་འཐུས་ལྷན་ཚོགས།

ལས་རིམ་ནང་གསལ་བ་ལྟར། ཁྲིམས་བཟོའི་ལས་དོན། བརྗོད་པ་དང་པོའི་ལས་རིམ་ཐོག་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་བསྐྱར་བཅོས་ཁྲིམས་འཆར་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས། ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་བསྐྱར་བཅོས་ཀྱི་ཁྲིམས་འཆར། བཙན་བྱོལ་བོད་མིའི་འོས་བསྡུའི་སྒྲིག་གཞིའི་བསྐྱར་བཅོས་ཁྲིམས་འཆར་དང་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། བཙན་བྱོལ་བོད་མིའི་རྩིས་ཞིབ་ལས་ཁང་གི་སྒྲིག་གཞི་བསྐྱར་བཅོས་ཁྲིམས་འཆར། བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་། ཁྲིམས་ཞིབ་པ་གཞན་གཉིས་བཅས་ཀྱི་ཕོགས་ཐོབ་དང་། ཟུར་ཕོགས། ལས་ཐོན་ཕོགས། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས། བོད་མི་མང་སྤྱི་འཐུས་རྣམས་ཀྱི་མཚན་དོད། ཉིན་རེའི་ལས་དོད། ཐོབ་ཐང་གཞན་དག་བཅས་ཀྱི་སྒྲིག་གཞི་བསྐྱར་བཅོས་སོགས་སྙན་སྒྲོན་གནང་བ་མ་ཟད།

སྤྱི་འཐུས་རྣམ་པས་བརྗོད་པ་དང་པོའི་སྐབས་འཆར་ཟིན་གྱི་ཚིག་དོན་སོགས་ཀྱི་ཐོག་ལ་ཕུལ་བའི་དོགས་འདྲི་ལ་ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གིས་གསལ་བཤད་དང་། ཆ་རྐྱེན་སོ་སོའི་དགོས་པ་དང་དམིགས་ཡུལ་ཁྱབ་ཚད་བཅས་ཀྱི་སྐོར་འགྲེལ་བརྗོད་གནང་ནས་བརྗོད་པ་དང་པོ་ཚར་བ་གནང་རྗེས།

མུ་མཐུད་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་ཐོག་སྤྱི་ཡོངས་བགྲོ་གླེང་དང་། གཏན་འབེབས་ཀྱི་ལས་རིམ་ཐོག་བགྲོ་གླེང་གནང་སོང་། སྐབས་དེར་སྤྱི་འཐུས་རྣམ་པས་ནང་སྲིད་ཀྱིས་ལས་གཞི་ག་རེ་བརྩམས་རུང་དེའི་ཐོག་ཞིབ་འཇུག་དགོས་པ་དང་སུད་ཚོང་བ་ཚོ་ལ་དེང་དུས་དང་མཐུན་པའི་ལམ་སྟོན་གནང་དགོས་པ། གནས་མཆོག་རྡོ་རྗེ་གདན་དུ་དཀའ་ངལ་ཅན་གྱི་ཆོས་མཇལ་ཡོང་མཁན་ཚོའི་ཆེད་སྡོད་ཁང་གསར་རྒྱག་དགོས་པ་སོགས་ཀྱི་ཐོག་ལ་དོགས་འདྲི་དང་དགོངས་ཚུལ་ཁག་ལ་ནང་སྲིད་བཀའ་བློན་གྱིས་ལན་འདེབས་གསལ་བཤད་གནང་སོང་། ལྷག་པར་དུ་ཁ་སང་སྤྱི་འཐུས་ཤིག་གིས་བཙན་གཡེམ་དང་འབྲེལ་བའི་ཐོག་དྲི་བ་བཏང་བར། ནང་སྲིད་བཀའ་བློན་གྱིས་ཕྱི་ཟླ་༢ ་ཚེས་༢༠ ཉིན་བདེ་སྐྱིད་གླིང་ལ་བུ་གཉིས་ཀྱིས་ངོ་ཤེས་བུ་མོ་ཞིག་ལ་(Attempt to rape) བཙན་གཡེམ་བྱེད་ཐབས་བྱས་ཡོད་པ་དང་། རྗེས་སུ་སྐོར་སྲུང་བའི་ལམ་སྟོན་འོག་བུ་གཉིས་ལ་ཉེས་ཆད་འབུམ་གཅིག་དང་ཕྱེད་ཀ་རེ་བཅད་ནས། ཕྱི་ཟླ་༣ ཚེས་༩ ལ་ཨ་མ་དང་བུ་མོ་གཉིས་ས་གནས་འགོ་འཛིན་སར་ཡོང་ནས་གནས་ཚུལ་གཙང་མ་ཆགས་པ་དང་འདོད་བློ་ཁེངས་སོང་ཞེས་བརྗོད་དེ་ད་ཆ་གནས་ཚུལ་དེ་ཐག་གཅོད་བྱས་ཚར་ཡོད་པར་གསུངས་སོང་།

གསར་འགོད་པ་བློ་བཟང་རྒྱ་མཚོ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||