བཙན་བྱོལ་ནང་ཆོལ་གསུམ་རྡོག་རྩ་གཅིག་སྒྲིལ་མེད་པ་མཐོང་དུས་སེམས་ཧ་ཅང་སྐྱོ་བྱུང་།

བོད་ཀྱི་བརྙན་འཕྲིན་འཆར་ངོས་ནས་བླངས་པའི་པར།

དེ་སྔོན་བོད་ནས་གསར་དུ་འབྱོར་བའི་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ནས་རང་ཉིད་ཀྱི་ལོ་རྒྱུས་དང་འབྲེལ། ད་ལྟའི་བོད་ནང་གི་གནས་སྟངས་དང་རྒྱ་ནག་གི་སྡུག་རྩུབ་ཅན་གྱི་སྲིད་བྱུས་འོག་རང་ཉིད་ཇི་ལྟར་དཀའ་སྡུག་མྱངས་ཡོད་མིན་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་འདུག

ཕྱི་ཚེས་༢༠ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། ཕྱི་ལོ་༢༠༢༣ ནང་བོད་ནས་རྗེས་སུ་འབྱོར་མཁན་ཆབ་སྲིད་བཙོན་ཟུར་སྣམ་སྐྱིད་ནས། ཁོང་མོ་དང་ཁོང་མོའི་སྤུན་མཆེད་བསྟན་འཛིན་སྒྲོལ་མ་གཉིས་ཀྱིས་ཕྱི་ལོ་ ༢༠༡༥ ཟླ་ ༡༠ ཚེས་ ༢༡ ཉིན་མདོ་སྨད་རྔ་པ་རྫོང་གི་དཔའ་བོའི་ཁྲོམ་གཞུང་དུ་ལག་ཏུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་པར་ཆེན་པོ་གཉིས་བཟུང་སྟེ། བོད་ལ་རང་དབང་དགོས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་མགྱོགས་མྱུར་བོད་ལ་ཕེབས་སུ་འཇུག་དགོས། ༧སྐུ་ཚེ་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག་ཅེས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་སྐབས་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་གིས་རྔ་པ་རྫོང་གི་བཀག་ཉར་ཁང་དུ་བཙན་ཁྲིད་བྱས་ནས་ཁོང་གཉིས་ལ་ལོ་གསུམ་ལྷག་རིང་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། རྒྱའི་བཙོན་ཁང་ནང་དུ་མི་རིགས་འདྲ་མིན་ཡོད་འདུག་པར་བརྟེན། ཁོང་མོ་དང་ཁོང་མོའི་སྤུན་མཆེད་གཉིས་ལ་མི་རིགས་དབྱེ་འབྱེད་དང་རྡུང་རྡེག་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་ཡོད་པར་བརྗོད་གནང་འདུག་ལ། གསར་འགོད་གསལ་བསྒྲགས་སྐབས་སུ་ཆབ་སྲིད་བཙོན་ཟུར་རྣམ་སྐྱིད་ལགས་ཀྱིས། ཁོང་མོ་བོད་མདོ་སྨད་རྔ་པ་རྫོང་གཅའ་རོ་ཡུལ་ཚོ་པདྨ་ལྷ་ཐང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས་ཤིང་། ཁོང་མོ་ཆུང་དུས་ནས་ཕ་མ་གཉིས་དང་མཉམ་དུ་འབྲོག་ལས་གཉེར་ཏེ་བསྡད་ཡོད་པས་སློབ་གྲྭར་འགྲོ་རྒྱུའི་གོ་སྐབས་ཐོབ་མེད་ཀྱང་། ཁོང་མོ་ཆུང་དུས་སུ་མི་རྒན་པ་རྣམས་ཀྱིས་རྒྱ་མིས་བོད་བཙན་བཟུང་བྱས་ནས་༧གོང་ས་མཆོག་དང་། ཀིརྟི་རིན་པོ་ཆེ་སོགས་བོད་ཀྱི་བསྟན་བདག་བླ་ཆེན་མང་པོ་རྒྱ་གར་ལ་ཕེབས་ཡོད་རབས་ཀྱི་ལོ་རྒྱུས་བཤད་པ་བརྒྱུད། རང་ཉིད་ཀྱི་སེམས་ནང་སྐྱོ་སྡུག་ཚད་མེད་བྱུང་མྱོང་ཡོད་ཚུལ་བརྗོད་འདུག དེ་བཞིན་ཁོང་མོ་དང་ཁོང་མོའི་སྤུམ་མཆེད་གཉིས་ཀྱིས་ངོ་རྒོལ་སྐད་འབོད་བྱས་རྗེས་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ནས། འདྲི་རྩད་དང་གཅར་རྡུང་ཚད་མེད་བཏང་མཐར།བཀྲ་ཤིས་རྒྱལ་ཁ་གླིང་རྫོང་གི་བཀག་ཉར་ཁང་དུ་ཟླ་བདུན་ལྷག་བཅུག་པ་བཅས་ལོ་གཅིག་དང་ཟླ་གཅིག་ཙམ་བཀག་ཉར་བྱས་ཏེ། ཕྱི་ལོ་༢༠༡༦ཟླ་༡༡ཚེས་༢༣ཉིན།ཁྲོ་ཆུ་རྫོང་ཁྲིམས་ཁང་གིས།རྒྱལ་ཁབ་ལ་ངོ་ལོག་བྱས་ཏེ་ཁ་བྲལ་བའི་བྱ་ངན་བསྒྲུབས་པའི་ཉེས་མིང་འོག་ལོ་༣རེའི་བཙོན་འཇུག་ཁྲིམས་ཐག་བཅད་སྐོར་སོགས་དང་།  བཙོན་ཁང་དུ་ཡོད་དུས་བཙོན་ཁང་གི་ཟས་གོས་སོགས་ཀྱི་གནས་སྟངས་སོགས་ཧ་ཅང་སྐྱོ་པོ་ཡིན་པས་དཀའ་སྡུག་ཚད་མེད་འཕྲད་ཚུལ་སོགས་བརྗོད་འདུག་ལ། ཁོང་གཉིས་བཙོན་འཇུག་དུས་ཡུན་ཚང་ནས་ཀློད་གྲོལ་བཏང་རྗེས་ཀྱང་།དངོས་ཤུགས་བརྒྱུད་གསུམ་ནས་སོ་ཉུལ་དང་ལྟ་རྟོག་བྱས་རྐྱེན་ལུས་སེམས་གཉིས་ནས་དཀའ་ངལ་མང་དག་ཅིག་འཕྲད་ཡོད་སྟབས།ཕྱི་ལོ་༢༠༢༣ཟླ་༥ཚེས་ ༡༣ཉིན་ཨ་ནེ་ཚེ་རིང་སྐྱིད་དང་ལྷན་རྒྱ་གར་ནང་བཙན་བྱོལ་དུ་ཡོང་ཡོད་སྐོར་སོགས་དང་། དེ་བཞིན་ཁོང་མོས་ངུ་བཞིན་བརྗོད་དོན་ལ་བོད་ནང་གི་གཞིས་ལུས་མི་མང་རྣམས་རྒྱ་ནག་གི་བཙན་གནོན་འོག་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་པ་དང་། དམིགས་བསལ་དེ་སྔོན་བོད་མི་རིགས་དང་རིག་གཞུང་གི་ཆེད་དུ་སྐུ་ལུས་མེ་མཆོད་འབུལ་མཁན་རྒྱལ་གཅེས་དཔའ་བོ་ཁག་གཅིག་རྒྱ་ནག་གི་བཙོན་འོག་ཏུ་ད་དུང་ལྷག་ཡོད་པར་བརྟེན། ཁོང་ཚོའི་རེ་བ་ལ་བོད་མདོ་དབུས་ཁམས་གསུམ་རྡོག་རྩ་གཅིག་སྒྲིལ་བྱེད་རྒྱུ་དང་། རྩ་དོན་ཆེད་དུ་ལས་ཀ་བྱེད་རྒྱུ་གལ་ཆེན་དེ་རེད། གལ་སྲིད་ད་ལྟའི་རྒྱའི་བཙོན་འོག་ཏུ་ཡོད་པའི་གཞིས་ལུས་མི་མང་ཚོས་བཙན་འབྱོལ་ནང་ཆོལ་ཁ་གསུམ་པོ་མཐུན་པོ་མེད་པ་ཤེས་རྟོགས་བྱུང་ན་སེམས་ག་ཚོད་སྐྱོ་ཡི་རེད་ཅེས་དང་།  ཁོང་མོ་བཙན་བྱོལ་ནང་འབྱོར་རྗེས་ཆོལ་ཁ་ཕན་ཚུན་བར་འཆམ་མཐུན་མེད་པ་མཐོང་དུས་སེམས་ཧ་ཅང་སྐྱོ་བྱུང་ཞེས་བརྗོད་འདུག་ལ། མ་འོངས་པར་བོད་མི་ཚང་མ་རྡོག་རྩ་གཅིག་ཏུ་སྒྲིལ་རྒྱུ་ཧ་ཅང་གལ་ཆེན་ཡིན་པ་སོགས་བརྗོད་གནང་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||