བཙན་བྱོལ་བའི་སེམས་ནང་ནས་གཏིང་བརྗེད་དུ་འགྲོ་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ།

ཉག་རོང་དོན་གྲུབ།

ཨེ་ཡོང་མགོ་དཀར།

ནེའུ་ཡོག་མཐོ་སྒང་ཨེ་ཤ་ཡའི་དཔེ་མཛོད་ཁང་དུ་བོད་ཟླ་༠༡པོའི་༢༨ཉིན་གྱི་ཕྱི་དྲོ་ཆུ་ཚོད་:༣༠ཐོག ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ནས། བོད་རང་བཙན་གྱི་ལས་འགུལ་སྤེལ་མཁན་ཆབ་སྲིད་བཙོན་པ་ཆོས་དབྱིངས་མཁས་གྲུབ་སྐོར་ལ་མྱོང་ཚོར་ཅན་གྱི་གཏམ་བཤད་ཅིག་གནང་སོང་། སྐབས་དེར་ཁོང་གིས་ཆོས་དབྱིངས་མཁས་གྲུབ་ངོ་ཤེས་སྟངས་དང་། བཙོན་ཁང་ནང་གི་དཀའ་སྡུག་གི་གནས་སྟངས་སོགས་ཕལ་ཆེར་ང་ཚོས་ཀྱང་མིག་ལམ་ལ་མཐོང་ཐུབ་པ་འདྲ་པོ་ཞིག་བཤད་སོང་། དེ་བཞིན་རྒྱ་མིས་བོད་མི་ཆབ་སྲིད་བཙོན་པ་ཚོ་ལ་མཐོང་ཆུང་དང་བརྙས་བཅོས་བྱས་ནས།ཨེ་ཡོང་མགོ་དཀར་ཞེས་ཞེ་ཁྲེལ་གྱི་ཚིག་མཚོན་ཞིག་འདེབས་ཀྱི་རེད་ཟེར། རྒྱ་མི་ཚོས་ཁྱོད་རང་ཚོས་དཀའ་སྡུག་མྱོང་བ་རང་སྡུག་རེད། སོ་སོའི་སྡུག་གྱོང་རེད། བོད་རང་བཙན་ཟེར་བ་ཡོང་ཡ་ཡོད་མ་རེད། ཁྱོད་ཚོས་བོད་རང་བཙན་ཨེ་ཡོང་ཨེ་ཡོང་བསམ་ནས་མགོ་དཀར་པོ་ཆགས་འགྲོ་རེད་ལབ་ནས་གཉའ་གཅོག་ཐབས་བྱེད་ཀྱི་ཡོད་པ་རེད་འདུག་མོད། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ནི་སེམས་ཤུགས་མི་ཆགས་པར་ཆབ་བཙོན་རྙིང་པ་ཚོས་གསར་པ་ཚོ་ལ།ཨ་མའི་བུ།ཁྱོས་གོ་ཆོད་སོང་། ཆབ་སྲིད་བཙོན་པ་གཅིག་ཆགས་ཐུབ་པ་ཙམ་གྱིས་གོ་ཆོད་སོང་བ་རེད། ད་ཁྱེད་རང་ཆུ་ཚོད་ཉི་ཤུ་རྩ་བཞིར་ཉལ་བསྡད་ནའང་བོད་དོན་ལ་ཕན་ཐོགས་ཀྱི་ཡོད་རེད། བོད་རང་བཙན་མ་ཐོབ་བར་དུ་ཆབ་སྲིད་བཙོན་པ་རྒྱུན་ཆད་ཡ་ཡོད་མ་རེད། གལ་ཏེ་ཆབ་སྲིད་བཙོན་པ་དགུ་བཅུ་ཐམ་པ་ཡོད་ན། ཁྱེད་རང་བསླེབས་ནས་བརྒྱ་ཐམ་པ་ཆགས་སོང་པ་རེད་ཟེར་ནས་གཅིག་གིས་གཅིག་ལ་སྙིང་སྤོབས་དང་། ལ་རྒྱའི་སྐད་ཆ་མ་གཏོགས་བཤད་ཀྱི་མེད་པ་དང་། གལ་ཏེ་བཙོན་པ་གཅིག་ལ་རྒྱ་མིས་འདྲི་རྩད་དང་མནར་གཅོད་སོགས་བཏང་བ་ཧ་གོ་ན། ལམ་སང་བཙོན་ཁང་ནང་ནས་བོད་རང་བཙན་གྱི་སྐད་འབོད་ཤུགས་ཆེན་པོ་རྒྱག་གི་འདུག་ཟེར། དེ་དང་མཉམ་དུ་ཁོང་གིས་ང་ཚོའི་བོད་རང་བཙན་རྩོད་ཡ་ལ་མེད་དུ་མི་རུང་བའི་ཆ་རྐྱེན་གཉིས་ཡོད་པ་རེད། དང་པོ་དེ་ཆབ་སྲིད་བཙོན་པ་རྒྱུན་མ་ཆད་ནས་ཡོང་དགོས་པ་དང་།གཉིས་པ་ང་ཚོ་ལ་བཙན་བྱོལ་བ་ཡོད་དགོས་རེད། བཙན་བྱོལ་བ་ཡོད་པ་ནི་ད་ལྟའི་རྒྱ་དམར་སྲིད་གཞུང་ལ་ངོས་ལེན་མེད་པ་དང་། བོད་ཀྱི་བདག་དབང་སླར་གསོ་དགོས་པ་བཅས་མཚོན་གྱི་ཡོད་རེད་ཟེར། ཆབ་སྲིད་བཙོན་ཟུར་བསྟན་དར་ལགས་ཀྱིས་ཁོང་གློད་གྲོལ་གཏོང་སྐབས། བཙོན་རོགས་ཚོའི་ཕྱག་ལ་འཇུས་ཏེ།ང་ཕྱི་ལོགས་ལ་ཐོན་ནས་རང་གི་ལྟོ་གོས་ལ་མགོ་འཁོར་ནས་རྩ་བ་ཉིད་ནས་མི་འདུག་ཅེས་དམ་བཅའ་བཞག་ཡོད་པས། སོ་སོས་གང་འཇོན་དང་གང་ཐུབ་ཚོད་ཀྱིས་ལས་འགུལ་སྤེལ་གྱི་ཡིན་མོད། ང་ལ་ཁྱོད་ཚོ་མི་མང་གི་རོགས་རམ་མེད་ན། ང་བསྟན་པ་དར་རྒྱས་གཅིག་པོས་ཅི་འཇོན་ཚང་མས་ཧ་གོ་གསལ་རེད། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ང་ཚོས་མ་མཐོང་མདོག་མདོག་བྱས་ནས་བསྡད་ན། ང་ཚོར་ལ་རྩ་བ་ནས་དག་གི་མ་རེད་ཅེས་ཟེར།

དམིགས་བསལ་ཆབ་སྲིད་བཙོན་པ།

བཙན་བྱོལ་བོད་མི་ཞིག་ལ་ཐད་ཀར་ཆབ་སྲིད་བཙོན་པ་ཆོས་དབྱིངས་མཁས་གྲུབ་སུ་རེད་ཅེས་དྲིས་ན།ཕལ་མོ་ཆེའི་ཧ་མི་གོ་བ་ལྟ་བུའི་གནས་སྟངས་ཆགས་ཡོད་འདུག ཆབ་སྲིད་བཙོན་ཟུར་བསྟན་པ་དར་རྒྱས་ལགས་ཀྱིས་གཏམ་བཤད་མ་གནང་སྔོན་ལ། གཙོ་འཛིན་པ་བསམ་ཕོ་བསྟན་འཛིན་ལགས་ཀྱིས།བོད་ནང་ལ་ཆབ་སྲིད་བཙོན་པ་མང་དྲག་རྐྱེན་ཆོས་དབྱིངས་མཁས་གྲུབ་སུ་ཡིན་ནམ་སྙམ་ནས། བོད་གཞུང་གི་དྲྭ་རྒྱའི་ནང་ལ་འཚོལ་ཞིབ་བྱེད་སྐབས། དེར་བོད་པའི་ཆབ་སྲིད་བཙོན་པ་བརྒྱད་ཅུ་གྱ་གསུམ་འདུག བརྒྱད་ཅུ་ཐམ་པ་སྤྱིར་བཏང་ཆབ་སྲིད་བཙོན་པ་དང་། དམིགས་བསལ་ཆབ་སྲིད་བཙོན་པ་གསུམ་ཡོད་པའི་ནང་གི་དང་པོ་དེ་ཁོང་རེད་འདུག་ཟེར། དེ་དང་མཉམ་དུ་བསམ་ཕོ་ལགས་ནས་ད་ལྟ་བར་དུ་བོད་ནང་གི་ཆབ་སྲིད་བཙོན་པ་ཚང་མ་བོད་རང་བཙན་རྩོད་མཁན་རྐྱང་པ་རེད་མ་གཏོགས། དབུ་མའི་ལམ་གྱི་ཐ་སྙད་བོད་ལ་རང་སྐྱོང་དགོས་ཟེར་ནས་ཆབ་སྲིད་བཙོན་པ་གཅིག་ཀྱང་བྱུང་ཡོད་པ་མ་རེད་ཅེས་ལབ་སོང་། བཙན་བྱོལ་ནང་ལ་འཐབ་ཕྱོགས་གཅིག་གྱུར་གྱི་སྲིད་ཇུས་དབུ་མའི་ལམ་བཙན་འཛུགས་བྱས་པ་ནས་བཟུང་། ཕྱི་ནང་གི་གནོན་ཤུགས་འདྲ་མིན་འོག་བཙན་བྱོལ་བོད་མི་རྣམས་ཆབ་སྲིད་ལ་དོ་སྣང་ཆུང་དུ་བཏང་བ་དང་། བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་ལ་རྩིས་མཐོང་མེད་པ་ཆགས་རྐྱེན། ད་ནི་རྒྱ་མིས་བོད་ཀྱི་ཆབ་བཙོན་རྣམས་ལ་རང་སྡུག་རེད་ལབ་པ་དངོས་གནས་བདེན་པ་ཆགས་ཀྱི་ཡོད་པ་འདྲ།

སྤྱི་ཟུར་ངག་དབང་ཐར་པ་ལགས་ཆོས་དབྱིངས་མཁས་གྲུབ་ཀྱི་ཕ་ཡུལ་དང་དགོན་པ་གཅིག་པ་ཡིན་རྐྱེན། ཆོས་དབྱིངས་ལྷུན་གྲུབ་སྐོར་ལ་གཏམ་བཤད་ཅིག་གནང་སོང་། ཁོང་གིས་གོ་ཐོས་བྱུང་བ་ལྟར་བྱས་ན།ད་ལྟ་སོག་རྫོང་གཅིག་པོ་ལ་ཆབ་སྲིད་བཙོན་པ་ཉི་ཤུ་ལྷག་ཡོད་པ་དང་། བཞི་བཅུ་ལྷག་གློད་གྲོལ་ཐོབ་ཚར་འདུག་ཟེར། དེས་ན་བོད་གཞུང་དྲྭ་རྒྱའི་ནང་ལ་ཆབ་བཙོན་བརྒྱད་ཅུ་ལྷག་ཡོད་པའི་ནང་གི་གསུམ་ཆ་གཅིག་སོག་རྫོང་ནས་ཡིན་པ་འདྲ།

རྒྱ་མིའི་གསང་ལས་པ་རེད།

མཇུག་མཐར་འཇམ་དབྱངས་ནོར་བུས་ཕྱི་ལོགས་ནས་སྐད་འབོད་བརྒྱབ་ན།བོད་ནང་གི་ཆབ་སྲིད་བཙོན་པ་ཚོ་ལ་གནོད་ཀྱི་རེད་དམ་ཟེར་བའི་དྲིས་ལན་ལ།ཕྱི་ལོགས་ནས་རྒྱ་གཞུང་ལ་སྐད་འབོད་བྱས་ན། བོད་ནང་གི་ཆབ་སྲིད་བཙོན་པ་ལ་གནོད་ཀྱི་ཡོད་རེད། བོད་མང་ལ་དམ་དྲག་བྱེད་ཀྱི་རེད་ཟེར་བ་དེ་བདེན་པ་མ་རེད།རྒྱ་མིའི་གསང་ལས་པའི་དཀྲོག་གཏམ་རང་རེད། དཀྲོག་གཏམ་སྤེལ་མཁན་དེ་རྒྱ་མིའི་གསང་ལས་པ་རང་རེད། གསང་ལས་པ་ལབ་དུས་ཟིང་ཚ་པོ་ (James Bond) ཇིམ་སི་བྷན་ཌི་འདྲ་པོ་ཞིག་ཡོད་ཀྱི་དགོས་པ་མ་རེད་ད། སྐད་ཆ་དེ་མི་རེ་ཟུང་མ་རེད། ང་ཚོའི་སྤྱི་ཚོགས་ནང་ལ་ཞེ་བོ་ཅིག་ཁྱབ་ཡོད་རེད་ཅེས་ལབ་སོང་།

དེ་དང་མཉམ་དུ་བསམ་ཕོ་བསྟན་འཛིན་ལགས་ནས་ང་རང་བོད་ནང་ལ་འཚར་ལོངས་བྱུང་བ་ཞིག་ཡིན། དེ་ནས་ཨ་རི་ལ་བསླེབས་ནས་ད་བར་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལས་ཀ་བྱས་པ་ཡིན། སྐད་ཆ་དེ་ཚོ་རྫུན་མ་རང་རེད། བདེན་པ་རྩ་བ་ནས་མ་རེད་ཅེས་ལབ་སོང་།

དེ་ལ་བསྟན་པ་དར་རྒྱས་ལགས་ནས་ང་རང་ཆབ་སྲིད་བཙོན་མ་ཞིག་ཡིན་པ་དང་། དངོས་སུ་བོད་ནང་གི་བཙོན་ཁང་ལ་འགྲོ་མྱོང་བའི་ཆ་ནས་བཤད་ན། དེ་འདྲ་རྩ་བ་ནས་མ་རེད། གནོད་པ་ལས་བརྒྱ་ཆ་བརྒྱ་ཕན་ཐོགས་ཀྱི་འདུག དཔེར་ན། ཕྱི་རྒྱལ་ནས་དོ་སྣང་ཡོད་མཁན་དང་ཐུག་འཕྲད་བྱེད་སའི་ཆབ་སྲིད་བཙོན་པ་རྣམས་ལ། བཙོན་སྲུང་ཚུན་ཆད་ནས་ལྟ་སྟངས་མ་འདྲ་བ་ཡོད་རེད། ང་བཙོན་ཁང་ནང་ཡོད་སྐབས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ང་ཚོའི་བཙོན་ཁང་ནང་ལ་བསླེབས་པ་རེད། ཁོང་ཚོས་ཆབ་སྲིད་བཙོན་པ་ཁ་ཤས་དམིགས་བསལ་ཐུག་འཕྲད་བྱས་སོང་། དེ་རྗེས་ཁོང་ཚོའི་ཁྲིམས་ཐག་བཅད་པའི་ལོ་གྲངས་ལ་འགྱུར་བ་ཐེབས་པ་རེད། དེ་ཚོ་ལ་ཕྱི་རྒྱལ་ནས་དོ་སྣང་ཡོད་པའི་རྐྱེན་གྱིས་ཡིན་པ་བརྒྱ་ཆ་བརྒྱ་རེད། ད་དུང་ང་རྡ་ས་ལ་སླེབ་དུས། གསུམ་བཅུའི་དུས་དྲན་སྐབས་པོ་པོ་རྨོ་རྨོ་ཁ་ཤས་ཀྱིས་སྟག་སྣ་འཇིགས་མེད་ལགས་ཀྱི་སྐུ་པར་ཁུར་ནས་སྐད་འབོད་བྱེད་ཀྱི་འདུག ལོ་རྗེས་མར་ཁོང་ཁ་ཐུག་བཙོན་ཁང་ནས་ཕྱི་རྒྱལ་ལ་ལེན་ཐུབ་པ་ལྟ་བུ་རེད། དེ་ཚོ་ཏན་ཏན་ཕན་ཐོགས་ཀྱི་ཡོད་རེད་བསམ་གྱི་འདུག་ཅེས་ཟེར། གང་ལྟར་ང་ཚོའི་བཙན་བྱོལ་སྤྱི་ཚོགས་དེ་རྒྱ་དགའ་མ་ཆགས་པ་ནས་བཟུང་སྟེ། ད་ནི་བོད་ནང་གི་བོད་མི་རྣམས་ཚོང་རྫས་དང་རྩེད་ཆས་ལྟ་བུ་ཞིག་ལས་གཞན་བསམ་བློ་གཏོང་མཁན་མེད་པ་ནི་ཅི་འདྲའི་ཐབས་སྐྱོ་བ་ལ། ངས་ཟིན་བྲིས་འདི་ཁོང་གི་གཏམ་བཤད་ཀྱི་ཕྱི་ཉིན་རང་འབྲི་དགོས་བསམ་རུང་། གྲོགས་པོ་ཞིག་གི་མཉམ་དུ་ཡར་མར་འགྲོ་དགོས་བྱུང་བས། དེ་ནས་ད་བར་དུ་ལུས་སོང་བ་ཡིན།

ཕྱི་ལོ་༢༠༢༤ཟླ་བ་༠༣པའི་ཚེས་༢༣ཉིན་ཉག་རོང་དོན་གྲུབ་ནས་བྲིས་པའོ།།

མཆན། འདིར་བཀོད་པའི་རྩོམ་ཡིག་དག་ནི་རྩོམ་པ་པོ་སོ་སོོའི་དགོངས་ཚུལ་ལས་འདི་གའི་གསར་ཁང་གི་མ་ཡིན། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||