བོད་ཀྱི་དཔེ་མཛོད་ཁང་གིས་དཔར་སྐྲུན་བྱས་པའི་དཔེ་དེབ་གསར་པ་དྲུག

ན་གཞོན་ལོ་རྒྱུས་སྨྲ་བ་ཤ་བོ་རྟ་མགྲིན་གྱིས་བརྩམས་པའི་ “ཏུན་ཧོང་གི་ལོ་རྒྱུས་ལ་དཔྱད་པ” ཞེས་པའི་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རྒྱུས་དེབ་ཕྲེང་ ༦༦༦ པར་དཔར་བསྐྲུན་བྱས་ཡོད་པ་དང་། དེབ་དེ་ནི་ཏུན་ཧོང་གི་ལོ་རྒྱུས་ལས་ཐོན་པའི་བོད་ཀྱི་མངའ་ཁོངས་དང་ཆོས་སྲིད་གནད་དོན་ཐད་བརྩམས་པ་ཞིག་རེད་འདུག

སེར་བྱེས་དགེ་བཤེས་ལྷ་རམས་པ་རོང་པོ་བློ་བཟང་སྙན་གྲགས་ཀྱིས་བརྩམས་པའི་ “ཆུ་འཛིན་དཀར་པོ་མ་དང་མར་གད་ཞུ་བ་མའི་འགྲེལ་པ” ཞེས་པའི་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་སྐད་ཡིག་དེབ་ཕྲེང་ ༣༤ པར་དཔར་བསྐྲུན་བྱས་ཡོད་པ་དང་། དེབ་དེ་ས་བཅད་དྲུག་དུ་བགོས་ཏེ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་བསྟོད་པ་ཆུ་འཛིན་དཀར་པོ་མ་དང་མར་གད་ཞུ་བ་མའི་འགྲེལ་པ་དང་། རྗེ་རིན་པོ་ཆེའི་སྙན་དངགས་ལ་ཞིབ་ཏུ་དཔྱད་པ། དབྱངས་ཅན་མའི་བསྟོན་པ་ཆུ་འཛིན་དཀར་པོ་མ། སྒྲ་དབྱངས་ལྷ་མོ་དབྱངས་ཅན་མའི་བསྟོད་པ་མར་གད་ཞུ་བ་མ། ལྷ་མོ་དབྱངས་ཅན་མའི་སྒྲུབ་ཐབས་རྗེ་ཙོང་ཁ་པས་མཛད་པ་དང་། དབྱངས་ཅན་མའི་སྒྲུབ་ཐབས་རྗེས་གནང་བ་བཅས་འཁོད་ཡོད་པ་རེད།

བཀའ་ཟུར་གནམ་རུ་རིང་པ་དཔོན་ཚང་དཔལ་འབྱོར་ཚེ་རིང་(ཇོ་དཔལ) གིས་བརྩམས་པའི་ “བོད་རྒྱ་གསང་བའི་བརྒྱུད་ལམ། སྐུ་ཚབ་དོན་གཅོད་ཅིག་གི་ཉིན་ཐོ” ཞེས་པའི་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རྒྱུས་དེབ་ཕྲེང་ ༧༦ པར་དཔར་བསྐྲུན་བྱས་ཡོད་པ་དང་། དེབ་དེ་ནི་བོད་རྒྱ་གྲོས་མོལ་ཆེད་གསང་བའི་བརྒྱུད་ལམ་ཐོག་སྔ་རྗེས་སུ་རྒྱ་ནག་ལ་ཐེངས་གསུམ་ཕེབས་ཏེ་བོད་རྒྱ་ཞི་འགྲིག་གི་ལས་དོན་བསྒྲུབས་པའི་ཟིན་ཐོ་སྙིང་ལྡན་པ་ཞིག་རེད་འདུག

འབྲོག་རུ་བློ་བཟང་ཆོས་དར་གྱིས་བརྩམས་པའི་ “རྟོགས་བརྗོད་ནི་ཅི་ཞིག་ཡིན་ནམ” ཞེས་པའི་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་སྐད་ཡིག་དེབ་ཕྲེང་ ༤༡ པར་དཔར་བསྐྲུན་བྱས་ཡོད་པ་དང་། དེབ་དེ་ནི་དྲི་བའི་ཚུལ་དུ་ཕེབས་པའི་ཁ་བྱང་འདིར་ལན་འདེབས་ཀྱི་ཚུལ་དུ་ཉམས་ཞིབ་ཀྱི་གྲུབ་དོན་གསལ་བ་ཞིག་ཡིན་པ་རེད།

མགོ་ལོག་འཇིགས་མེད་ཀྱིས་བརྩམས་པའི་ “བདེན་རྒྱབ་འཚོལ་བའི་འབོད་སྒྲ” ཞེས་པའི་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རྒྱུས་དེབ་ཕྲེང་ ༥༩ པར་དཔར་བསྐྲུན་བྱས་ཡོད་པ་དང་། དེབ་དེའི་ནང་བོད་ཀྱི་བྱུང་རབས་ངོ་སྤྲོད་དང་། ༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཛད་འཕྲིན། རྩོམ་པ་པོ་རང་ཉིད་རྒྱ་དམར་གྱི་བཙན་འོག་ཏུ་ཡོད་སྐབས་ཀྱི་མི་ཚེའི་བྱུང་བ་བཅས་འཁོད་ཡོད་པ་རེད།

སྒོ་ཤེས་རབ་རྒྱ་མཚོས་བརྩམས་པའི་ “ དུས་རབས་ཉེར་གཅིག་པའི་ནང་པ” ཞེས་པའི་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་ཀུན་ཕན་དེབ་ཕྲེང་ ༧ པར་དཔར་བསྐྲུན་བྱས་ཡོད་པ་དང་། དེབ་དེ་ནི་རྟོགས་བརྗོད་མདུན་ལེགས་མའི་དཔེ་ཁྲིད་དང་གཏམ་རྒྱུད་གསེར་ཐང་གི་འཆད་ཁྲིད་རྣམ་གཉིས་ལས་གྲུབ་ཡོད་པའི་དེབ་ཅིག་ཆགས་ཡོད་འདུག

 

གསར་འགོད་པ། ཆོས་གྲགས།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||