བོད་ཀྱི་དཔེ་མཛོད་ཁང་གིས་ཉེ་ཆར་དཔར་སྐྲུན་གནང་བའི་དེབ་གསར་པ་འགའ་ངོ་སྤྲོད། 

) མཛད་རྣམ་སྲིད་པ་མགུ་བའི་མཆོད་ཕྲེང་ཞེས་པའི་དེབ་འདི་ནི་སློབ་དཔོན་ཆེན་མོ་ལྡོང་ཕྱིང་གུར་བ་རྒྱལ་ལོས་བརྩམས་གནང་ཞིང་། གུང་ཐང་སྐུ་ཕྲེང་དྲུག་པ་༧རྗེ་འཇིགས་མེད་བསྟན་པའི་དབང་ཕྱུག་དཔལ་བཟང་པོའི་མཛད་རྣམ་ཞིག་རེད་འདུག་ལ། འདིའི་ནང་དུ་གུང་ཐང་སྐུ་ཕྲེང་དྲུག་པ་མཆོག་གིས་ཆོས་ཕྱོགས་ཙམ་མིན་པར་ བོད་ཀྱི་ཆབ་དཔལ་རིག་གསུམ་གྱི་ཐོག་ནས་མི་ཉམས་གོང་སྤེལ་དང་ཉམས་པ་སླར་གསོའི་ཆེད་དུ་སྐུ་ལས་འཛེམས་མེད་བསྐྱོན་པས། རྒྱ་གཞུང་གི་བཙོན་ཁང་དུ་མི་ལོ་༢༡ ཙམ་བཞུགས་དགོས་བྱུང་བ། མི་རིགས་ཀྱི་སློབ་གསོར་ཐུགས་ཁུར་གནང་ཚུལ། ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་ཕྱག་རོགས་སུ་བོད་ཀྱི་སློབ་གྲྭ་དང་སློབ་གསོའི་ཕྱག་ལས་གནང་བའི་སྐོར། གཞན་ཡང་བོད་ཀྱི་དགོན་པའི་ཁྲིམས་སྒྲིག་དང་། བོད་རིགས་ཀྱི་འགོ་བྱེད་བསྐོ་འཇོག་བྱེད་སྟངས། ན་གཞོན་རྣམས་ལ་སློབ་གསོ། རོལ་དབྱངས་སྒྱུ་རྩལ་སླར་གསོས་མཚོན་ཁོང་གིས་སྐུ་ཚེའི་སྟོད་སྨད་ཀུན་ཏུ་སྲིད་དོན་དང་འབྲེལ་བའི་བོད་མི་རིགས་ཀྱི་ཆེད་དུ་བསྐྱངས་པའི་མཛད་འཕྲིན་གྱི་སྐོར་དང་། དེ་བཞིན་ཁོང་གི་གསུང་འབུམ་གྱི་དཀར་ཆག་དང་ཡང་སྲིད་ཀྱི་ད་ལྟའི་མཛད་འཕྲིན་སྐོར་བཅས་འཁོད་འདུག དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་རྣམ་ཐར་དེབ་ཕྲེང་༣༦ ཐོག་དཔར་སྐྲུན་གནང་འདུག 
) བོད་དུ་མི་ལོ་ཉི་ཤུ་ཞེས་པའི་དེབ་འདི་ནི་ཌེ་ཝིཌ་མེག་ཌོ་ནལྜ་གྱིས་བརྩམས་ཤིང་འབྲོམ་གཉེར་ཤར་ཟླ་སྒྲོན་གྱིས་བསྒྱུར་བ་ཞིག་རེད་འདུག་ཅིང་། རྩོམ་པ་པོ་ཁོང་ཕྱི་ལོ་༡༩༠༤ ནས་༡༩༢༤ བར་ལོ་ངོ་ཉི་ཤུའི་རིང་བོད་དུ་བཞུགས་སྐབས་ནང་གི་སྲིད་འབྱོར་རིག་གསུམ་དང་ཕྱི་མིའི་ཐེ་གཏོགས་སོགས་མཐོང་ཐོས་མྱོང་གསུམ་དངོས་བྲིས་གནང་བ་ལེའུ་སོ་གཅིག་གིས་གྲུབ་པ་ཞིག་རེད་འདུག་པས། བོད་ཀྱི་ཉེ་རབས་ལོ་རྒྱུས་ཀྱི་རྒྱུ་ཆ་ཡག་པོ་ཞིག་ཏུ་མཐོང་། དེབ་འདི་ནི་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་ཀྱི་དེབ་ཕྲེང་༨༥ ཐོག་དཔར་སྐྲུན་གནང་འདུག
) བྲོས་བྱོལ་དང་འོད་ལོ་ཁྲག་ཁྲིག་གཉིས་ཀྱི་ཁེར་རྐྱང་ཞེས་པའི་དེབ་འདི་གཉིས་ནི། ལོ་ཙཱ་བ་ན་བུན་ནམ་པདྨ་རྒྱལ་ལགས་ཀྱིས་༢༠༡༢ ནས་འགོ་བཙུགས་ཏེ་༢༠༢༠ བར་བསྒྱུར་གནང་ཞིང་། དུས་རབས་༡༨ དང་༢༡ བར་གྱི་འཛམ་གླིང་ཤར་ནུབ་ཀྱི་གནའ་དེང་གི་རྩོམ་པ་པོ་དང་ནོ་སྦེལ་རྩོམ་རིག་གཟེངས་རྟགས་ཞལ་བཞེས་གནང་མཁན་སྐྱེས་པ་དང་བུད་མེད། རྒན་རབས་དང་གཞོན་རབས་སོགས་རྩོམ་མཁན་༨༣ ལྷག་དང་རྩོམ་ཡིག་༢༩༠ ལྷག་བསྒྱུར་བཏུས་གནང་བའི་སྙན་ངག་སྣ་ཚོགས་ཀྱི་འགྱུར་དེབ་གཅིག་རེད་འདུག  དེབ་འདི་གཉིས་ནི་བོད་ཀྱི་དཔེ་མཛོད་ཁང་ནས་སྐད་ཡིག་དེབ་ཕྲེང་༥༠ དང་༤༩ ཐོག་དཔར་སྐྲུན་གནང་འདུག 

) ཧི་མ་ལ་ཡ་ནས་ཡོང་བའི་བོད་ཕྲུག་ཚོ་དང་མི་ཚེའི་མྱོང་བ་རང་བཞིན་ལྷུན་གྲུབ་ཅེས་པའི་དེབ་འདི་གཉིས་ནི། འགྱུར་མེད་དབང་གྲགས་ལགས་ཀྱིས་འབྲི་རྩོམ་གནང་ཞིང་། དེབ་དང་པོ། ༡༩༦༥ ནས་༡༩༧༠ བར་སྔ་ཕྱིར་བོད་པའི་བུ་མོ་༡༦ ཙམ་ཉི་ཧོང་ནང་སྙིང་གི་སྨན་ཁང་ཞིག་ཏུ་སློབ་སྦྱོང་ཆེད་བཏང་བ་དང་འབྲེལ། ཁོང་རྣམས་ཀྱི་སློབ་སྦྱོང་གི་བརྒྱུད་རིམ་དང་སྦྱིན་བདག་གི་སྐོར་སོགས་མི་ཚེའི་ལོ་རྒྱུས་ཤིག་རེད་འདུག དེབ་གཉིས་པ། རྩོམ་པ་པོ་ཁོང་བོད་དུ་འཁྲུངས་པ་ནས་རྒྱ་གར་དང་ཉི་ཧོང་སོགས་སུ་སློང་སྦྱོང་དང་དགེ་རྒན་མཚོན་པའི་ཕྱག་ལས་གནང་བ་སོགས་ལེ་ཚན་བཅུ་གཉིས་ཀྱིས་གཙོ་བོར་གྲུབ་པའི་མི་ཚེའི་ལོ་རྒྱུས་ཤིག་རེད་འདུག དེབ་འདི་གཉིས་ནི་བོད་ཀྱི་དཔེ་མཛོད་ཁང་ནས་ལོ་རྒྱུས་ཀྱི་དེབ་ཕྲེང་༨༤ དང་༨༨ ཐོག་དཔར་སྐྲུན་གནང་འདུག
) ཉེ་རབས་བྱུང་བའི་གདོང་ཐོག་དགོན་གྱི་མི་སྣ་ཁག་གི་ལོ་རྒྱུས་ཐོར་བུ་ཞེས་པའི་དེབ་འདི་ནི། བོད་མི་མང་སྤྱི་འཐུས་ལས་ཐོག་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་བརྩམས་ཤིང་། གཙོ་བོར་གདོང་ཐོག་དགོན་གྱི་སྐུ་གསུང་ཐུགས་རྟེན་དང་བཤད་སྒྲུབ་ལས་གསུམ། དེ་བཞིན་གལ་ཆེའི་མི་སྣ་དང་སྤྲུལ་སྐུ་རིམ་བྱོོན། གདོང་ཐོག་དགོན་པའི་ཁྲི་པ་དང་གནད་ཡོད་མི་སྣ་སོགས་ཀྱི་ལོ་རྒྱུས་བཅས་རེད་འདུག དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་བོད་ཀྱི་ལོ་རྒྱུས་དེབ་ཕྲེང་༨༧ ཐོག་དཔར་སྐྲུན་གནང་འདུག
) ཆོས་ཀྱི་ཚིགས་སུ་བཅད་པའི་འགྲེལ་པ་ཞེས་པའི་དེབ་ཀྱི་སྨད་ཆ་འདི་ནི། ཐོག་མར་སིངྒ་ལའི་དགེ་སློང་ཝ་རཱ་གོ་ཌ་སཱ་རཱ་ཌཱ་ཐེ་རོས་པཱ་ལིའི་སྐད་ནས་སིངྒ་ལའི་སྐད་དུ་བསྒྱུར། དེ་ནས་སློབ་དཔོན་ཆེན་མོ་མེག་སེ་མུ་ལར་གྱིས་དབྱིན་སྐད་དུ་བསྒྱུར་བ་ལས་ཚེ་རིང་ནོར་བུས་བོད་ཡིག་ཐོག་བསྒྱུར་གནང་བ་ཞིག་རེད་འདུག དེབ་འདི་བོད་ཀྱི་དཔེ་མཛོད་ཁང་ནས་ནང་ཆོས་དེབ་ཕྲེང་༤༤ ཐོག་དཔར་སྐྲུན་གནང་འདུག
) ཐུབ་པའི་དགོངས་པ་རབ་ཏུ་གསལ་བ་ཞེས་བྱ་བའི་བསྟན་བཅོས་བཞུགས་སོ་ཞེས་པའི་དེབ་འདི་ནི། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་གྱིས་མཛད་ཅིང་། དོན་དག་གཙོ་བོ་སྐྱབས་འགྲོ་དང་ཕར་ཕྱིན་དྲུག་གི་རྣམ་གཞག དེ་བཞིན་བསྡུ་བའི་དངོས་པོ་བཞི་དང་ས་ལམ་གྱི་སྐོར་སོགས་རེད་འདུག་པ་དང་། དེབ་འདི་བོད་ཀྱི་དཔེ་མཛོད་ཁང་གི་ནང་ཆོས་དེབ་༤༥ ཐོག་དཔར་སྐྲུན་གནང་འདུག
) བོད་ཀྱི་དམངས་ཁྲོད་སྒྲུང་གཏམ་ཞེས་པའི་དེབ་འདི་ནི། བོད་དགེ་བུ་ཟླ་བས་རྩོམ་སྒྲིག་གནང་ཞིང་། ཕྱི་རྒྱལ་བ་བོད་ཡིག་སྦྱོང་མཁན་ཙམ་མ་ཟད། བོད་པའི་ན་གཞོན་ཁྲོད་སྐད་ཡིག་རིག་གནས་ཐད་དོན་གཉེར་ཅན་རྣམས་ལ་མུ་མཐུད་སློབ་ཚན་གང་སྦྱངས་ཚར་བ་རྣམས་བསྐྱར་སྦྱོང་སྲ་བརྟན་ཡོང་ཐབས་དང་། དགེ་རྒན་རྣམ་པས་ཁོང་ཚོས་སྦྱངས་ཟིན་པའི་སློབ་ཚན་རྣམས་ཇི་ཙམ་ཤེས་ཡོད་མེད་ཟུར་ལྟའི་དཔྱད་གཞིའི་ཆེད་དུ་བསྒྲིགས་པའི་སྦྱོང་ཚན་དེབ་གཅིག་རེད་འདུག

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||