བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་ཞེས་པའི་དཔེ་དེབ་བོད་བསྒྱུར་པར་སྐྲུན།

རྒྱ་རིགས་རྩོམ་པ་པོ་ལིག་ཧན་ཁྲིན་གྱིས་བརྩམས་པའི་<<བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤས་མིན་>>ཞེས་པའི་བོད་བསྒྱུར་དཔེ་དེབ་དེ་བོད་ཀྱི་དཔེ་མཛོད་ཁང་གིས་ལོ་རྒྱུས་དེབ་ཕྲེང་༦༧ པ་དང་༦༨ པའི་ངོ་བོར་པར་སྐྲུན་འགྲེམས་སྤེལ་བྱས་འདུག དེབ་དེའི་ནི་སྟོད་ཆའི་ནང་གཙོ་བོ་བོད་དང་མིང་རྒྱལ་རབས། ཆིང་རྒྱལ་རབས་ཀྱི་འབྲེལ་བའི་སྐོར་ལ་ཞིབ་འཇུག་བྱས་ཡོད་པ་དང་། དེབ་དེའི་སྨད་ཆའི་ནང་དུ་ཡོན་རྒྱལ་རབས། རྒྱ་ནག་མི་སེར་རྒྱལ་ཁབ་དང་བོད་ཀྱི་འབྲེལ་བའི་སྐོར་ལ་ཞིབ་འཇུག་བྱས་ཡོད་པ་རེད།

དཔེ་དེབ་དེ་ནི་ལོ་ཙཱ་བ་སངས་རྒྱས་སྐྱབས་ཀྱིས་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་བ་དང་། ལོ་ཙ་བས་དཔེ་དེབ་ངོ་སྤྲོད་བྱས་པ་གཤམ་གསལ།

བོད་རྒྱའི་འབྲེལ་བ་ལོག་སྨྲ་ཚར་གཅོད་གནམ་ལྕགས་རྡོ་རྗེ་འབར་བ་ཞེས་པའི་དཔེ་དེབ་འདིར་རྒྱ་རིགས་མཁས་པ་སྐུ་ཞབས་ལིག་ཧན་ཁྲིན་ལགས་ཀྱིས། ད་ལྟའི་རྒྱ་ནག་གཞུང་གིས་ཡོངས་སུ་ཁས་ལེན་པའི་རྒྱ་ཡི་ཡིག་ཚང་རྙིང་པ་ཚད་ལྡན་དག་ལ་ཁུངས་གཏུགས་ཏེ། བོད་རྒྱའི་ལོ་རྒྱུས་ཐོག་གི་རྙོག་དྲའི་འཆིང་ཐག་སིལ་བུར་བཅད་ཡོད་པར་མ་ཟད། རྒྱ་དམར་གཞུང་དམངས་གཉིས་ཀྱིས་བོད་ཀྱི་ལོ་རྒྱུས་ལ་ལོག་འགྲེལ་དང་རྫུན་བཟོ་བྱས་པ་དག་ཐེར་འདོན་བྱས་ཡོད།

གཞན་ཡང་ཉི་ཧོང་གིས་རྒྱ་ནག་ལ་བཙན་འཛུལ་བྱས་པ་དང་རྒྱ་དམར་གྱིས་བོད་ལ་བཙན་འཛུལ་བྱས་པ་གཉིས་ཞིབ་བསྡུར་བྱས་ཡོད་ཅིང་། ལྷག་པར་དུ་བོད་དང་ཆིང་རྒྱལ་རབས་ཀྱི་འབྲེལ་བ་དེ་ཆིང་སྲིད་གཞུང་གི་སྒྲིག་གཞི་དང་སྐབས་དེའི་ལོ་རྒྱུས་དོན་རྐྱེན་གཉིས་སུ་དབྱེ་ནས་ཞིབ་འཇུག་བྱས་ཡོད་པར་མ་ཟད། རྒྱ་ནག་གིས་བོད་པར་ཆོ་ལོ་སྤྲད་པ་དང་བོད་པས་རྒྱ་ནག་ལ་རྟེན་འབུལ་བྱས་པ་སོགས་ཀྱི་གནད་མང་པོ་ཞིག་གིས་བོད་ནི་ཕྱིའི་རྒྱལ་ཁབ་ཅིག་ཡིན་པའི་ཁུངས་སྐྱེལ་ར་སྤྲོད་བྱས་ཡོད།

རྒྱ་དམར་གཞུང་གིས་དེ་རིང་བར་དུ་ས་བསྒྲགས་གནམ་བསྒྲགས་བྱེད་བཞིན་པའི་སྒྲིག་ཡིག་དོན་ཚན་ ༢༩ ཟེར་བ་དེ་ནི། རྒྱ་དམར་གཞུང་གིས་ལོག་འགྲེལ་བྱེད་བཞིན་པའི་ཆིང་སྲིད་གཞུང་གིས་བོད་ལ་དབང་སྒྱུར་བྱེད་པའི་ཁྲིམས་ཡིག་ཅིག་མིན་པར་མ་ཟད། དོན་ཚན་༢༩ ཟེར་བའི་ཡིག་ཆ་འདི་འདྲ་ཞིག་ལོ་རྒྱུས་ནང་བྱུང་མྱོང་མེད་ནའང་རྒྱ་དམར་གཞུང་གིས་རྫུན་བཟོ་ གཡོ་བཅོས་བྱས་པ་ཡིན་པའི་ཁུངས་སྐྱེལ་བདེན་དཔང་བྱས་ཡོད། གཞན་ཡང་བོད་སྡོད་ཨམ་བན་དང་ལེ་ཧྥེན་ཡན་སོགས་ཀྱི་བྱུང་རིམ། ངོ་བོ། ནུས་པ་སོགས་ལ་ཞིབ་འཇུག་གིས་མདོར་ན་རྒྱ་ནག་དམར་གཞུང་གིས་ལོག་པར་སྨྲས་པ་རྣམས་ཡོངས་སུ་ཁ་ལོ་བསྒྱུར་ཡོད།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||