བོད་མི་གཞོན་སྐྱེས་ཞིག་ཡོད་པའི་རོལ་དབྱངས་ཚན་སྡེབ་ལ་ཨང་གཉིས་པའི་བྱ་དགའ་ཐོབ།

བོད་མི་གཞོན་སྐྱེས་བསྟན་འཛིན་དོན་ཡོད་དང་ཁོང་གི་རོལ་དབྱངས་ཚན་སྡེབ་རི་བོའི་རྣམ་ཤེས་དང་གྷུར་རྡེབ་ལ། རྒྱ་གར་གྱི་གླུ་གཞས་འགྲན་བསྡུར་ཆེ་གྲས་ཤིག་ནང་། ཨང་རིམ་གཉིས་པ་སོན་ཡོད་པ་དང་། མི་མང་ནང་ཚན་སྡེབ་དེར་དགའ་མོས་ཆེན་པོ་བྱེད་བཞིན་འདུག

ཟླ་༩ པའི་ཚེས་༣༠ ཉིན་རྒྱ་གར་གྱི་གླུ་གཞས་འགྲན་བསྡུར་( Dil Hai Hindustan)སྐབས་༢ པའི། མཐའ་མའི་འགྲན་བསྡུར་དེ་བྱས་ཡོད་པ་དང་། སྐབས་དེར་རྒྱ་གར་བྱང་ཕྱོགས་ཀ་སྦུག་ནས་འཚར་ལོངས་བྱུང་བའི་བོད་མི་གཞོན་སྐྱེས་བསྟན་འཛིན་དོན་ཡོད་དང་ཁོང་གི་རོལ་དབྱངས་ཚན་སྡེབ་རི་བོའི་རྣམ་ཤེས་(Mountain souls ft. gaurdeep)ཞེས་པ་དེར། མི་མང་གི་འོས་འཕངས་པའི་གྲུབ་དོན་དུ་ཨང་རིམ་གཉིས་པ་སོན་ནས་ཧིན་སྒོར་འབུམ་ལྔ་ཡི་བྱ་དགའ་ཐོབ་འདུག

གླུ་གཞས་འགྲན་བསྡུར་དེ་རྒྱ་གར་གྱི་གྲོང་ཁྱེར་མུམ་བྷེ་ལ་ཟླ་བ་གསུམ་ཙམ་རིང་འཚོགས་ཡོད་པ་དང་། དུས་རིམ་དེའི་ནང་རེས་གཟའ་སྤེན་པ་དང་ཉི་མ་འཆར་ཅན་ལ། རྒྱ་གར་རྒྱལ་ཡོངས་སུ་བརྙན་འཕྲིན་ནང་བསྟན་ཡོད་པ་རེད། བསྟན་འཛིན་དོན་ཡོད་དང་ཁོང་གི་རོལ་དབྱངས་ཚན་སྡེབ་དེར་གཟུ་དཔང་དང་མི་མང་ནས་བསྔགས་བརྗོད་ཐེངས་མང་ཐོབ་པ་དང་། བསྟན་འཛིན་དོན་ཡོད་ཀྱིས་རྒྱ་གར་གྱི་གླུ་གཞས་འགྲན་བསྡུར་སྡིངས་ཆ་ཆེན་པོ་དེའི་ཐོག བོད་ཀྱི་རྣམ་ཐར་སོགས་ཀྱི་གདངས་བེད་སྤྱད་ནས། གཟུ་དཔང་རྣམས་ཀྱིས་དགའ་མོས་ཆེན་པོ་བྱས་ཡོད་པ་རེད་ལ། སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་ཏུ། བཙན་བྱོལ་ནང་བོད་མི་ཞིག་གིས་གླུ་གཞས་འགྲན་བསྡུར་གྱི་སྡིངས་ཆའི་ཐོག གྲུབ་འབྲས་ཆེན་པོ་ཐོབ་ཡོད་པར་དགའ་བསུ་བྱེད་མཁན་མང་པོ་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།

 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||