བོད་རིགས་ན་གཞོན་ཞིག་དང་ངོ་རྟགས་མི་ཆོད་པའི་གང་ཟག་ཞིག་བར་ལ་མེ་མདའ་རྒྱག་རེས་བྱས་འདུག

ཟླ་འདིའི་ཚེས་ ༧ ཉིན་ཎི་ཡོག་ས་ཁུལ་ཁུན་སེ་(Queens)སྲང་ལམ་དུ་བོད་རིགས་ན་གཞོན་ཞིག་དང་ངོ་རྟགས་མི་ཆོད་པའི་མི་གཞན་ཞིག་བར་ལ་ཕན་ཚུན་མེ་མདའ་རྒྱག་རེས་བྱས་པ་བརྒྱུད། བོད་རིགས་ན་གཞོན་དེར་མེ་མདའ་ཕོག་ནས་རྨས་སྐྱོན་བཟོས་ཡོད་པ་དང་། གཞན་དེ་བྲོས་བྱོལ་དུ་ཕྱིན་ཡོད་པའི་སྐོར་ལ་ཨ་རིའི་ནང་རྟེན་གཞི་བྱེད་པའི་ཧྥོག་སི་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་འདུག ཕྱི་ཚེས་ ༧ གྱི་ཕྱི་དྲོའི་ཆུ་ཚོད་ ༣།༣༠ ཐོག་ཎི་ཡོག་ས་ཁུལ་ཁུན་སེ་ (Queens) སྲང་ལམ་དུ་ལོ་ན་ ༢༨ ཡིན་པའི་བོད་རིགས་ན་གཞོན་བསྟན་འཛིན་ནོར་རྒྱལ་ཞུ་བ་ཞིག་དང་ངོ་རྟགས་མི་ཆོད་པའི་མི་གཞན་ཞིག་བར་ལ་ཕན་ཚུན་མེ་མདའ་རྒྱག་རེས་བྱས་པ་བརྒྱུད། བོད་རིགས་ན་གཞོན་བསྟན་འཛིན་ནོར་རྒྱལ་གྱི་དཔུང་པ་གཡས་པར་མེ་མདའ་ཕོག་ནས་རྨས་སྐྱོན་བཟོས་ཡོད་པ་མ་ཟད། སྐབས་དེར་ཉེན་རྟོག་པས་བསྟན་འཛིན་ནོར་རྒྱལ་ཎེ་ཡོག་སྨན་ཁང་ (NYC Health & Hospitals/Elmhurst) དུ་སྨན་བཅོས་བྱས་པ་བརྒྱུད་ཁོང་གི་གནས་སྟངས་ཡག་པོ་ཡོད་ལུགས་དང་། ད་ལྟའི་ཆར་ཁོ་པ་མི་གསོད་ཉེས་མིང་འོག་ས་གནས་ཉེན་རྟོག་པས་བཀག་ཉར་བྱེད་བཞིན་ཡོད་འདུག མེ་མདའི་དོན་རྐྱེན་བྱུང་བའི་རྗེས། ངོ་རྟགས་མི་ཆོད་པའི་མི་གཞན་དེ་ཎི་ཡོག་ས་ཁུལ་ཁུན་སེ་ (Queens) སྲང་ལམ་ནས་སྣུམ་འཁོར་ཞིག་གི་ནང་དུ་འཛུལ་ནས་བྲོས་བྱོལ་དུ་ཕྱིན་ཡོད་པ་མ་ཟད། ཉེན་རྟོག་པས་འགྲེལ་བརྗོད་བྱེད་དོན་ལ། བྲོས་བྱོལ་ཕྱིན་པའི་གང་ཟག་དེའི་གཟུགས་པོའི་རིང་ཚད་ཧྥི་ཊི་ ༥་༦ དང་། ལྗིད་ཚད་ཀི་ལོ་ ༦༨། སྐྲ་མདོག་ནག་པོ། སྟོད་ཐུང་ཚོན་མདོག་དམར་པོ་དང་དཀར་པོ་ཡོད་པ། ཧབ་པན་ཚོན་མདོག་ཐལ་མདོག དེ་བཞིན་ལྷམ་དཀར་ནག་མཐའ་དྲས་གྱོན་པ་ཞིག་ཡིན་པ་བརྗོད་འདུག་ལ། ད་ལྟའི་ཆར་ས་གནས་ཉེན་རྟོག་པས་གང་ཟག་དེ་རྩད་གཅོད་བྱེད་མུས་ཡིན་པའི་གནས་ཚུལ་སྤེལ་འདུག །

གསར་འགོད་པ། ཆོས་གྲགས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||