མི་མང་གིས་འོས་སྒམ་མེར་སྲེག་བཏང་སྟེ་ཨུ་རུ་སུའི་གཞུང་གི་འོས་བསྡུ་ལ་ངོ་རྒོལ་བྱས།

ད་ཆར་ཨུ་རུ་སུའི་ནང་འོས་བསྡུ་འགྲོ་བཞིན་ཡོད་འདུག་པར་བརྟེན།  ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ནུས་པ་དང་ལྡན་པ་ཕལ་ཆེ་བ་བཙོན་ལ་བཅུག་པ་དང་། རྡུང་རྡེག་བཏང་ནས་འདས་གྲོངས་སུ་གྱུར་པ། ལྐོག་གསོད་བཏང་བ་སོགས་ཀྱིས་རྐྱེན་པས་ད་ལྟའི་ནུས་པ་དང་ལྡན་པའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་མེད་པའི་སྐབས་སུ་ཨུ་རུ་སུའི་ནང་འོས་བསྡུ་བྱེད་བཞིན་ཡོད་འདུག 

ཕྱི་ཚེས་༡༦ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ད་ལྟ་ཨུ་རུ་སུའི་ནང་འོས་བསྡུ་འགྲོ་བཞིན་ཡོད་འདུག་པ་དང་། སང་ཉིན་གཟའ་ཉི་མ་བར་ཉིན་གྲངས་གསུམ་གྱི་རིང་འོས་བསྡུ་བྱེད་རྒྱུ་ཡིན་འདུག་ལ། ཐེངས་འདིའི་ཨུ་རུ་སུའི་འོས་བསྡུའི་ཁྲོད་ད་ལྟའི་ཨུ་རུ་སུའི་ལས་ཐོག་སྲིད་འཛིན་པུ་ཌིན་བསྐྱར་དུ་འོས་བསྡུ་འཐོབ་རྒྱུ་ཡིན་པ་གཏན་ཁེལ་ཡོད་འདུག རྒྱུ་མཚན་ནི་ཨུ་རུ་སུའི་ནང་འདས་པའི་ལོ་ཤས་རིང་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་མང་པོ་ཞིག་ལྐོག་གསོད་བཏང་ཡོད་འདུག་པ་དང་། མང་པོ་ཞིག་བྲོལ་བྱོལ་དུ་འགྲོ་དགོས་བྱུང་ཡོད་ཅིང་། མང་པོ་ཞིག་བཙོན་ནང་ཚུད་ནས་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་ནས་འདས་གྲོངས་སུ་གྱུར་ཡོད་འདུག  དེ་སྔོན་རྒྱལ་སྤྱིའི་གསར་འགྱུར་ཆེ་ཁག་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཨུ་རུ་སུའི་བཙོན་ཁང་ཞིག་གི་ནང་དུ་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་(Alexei Navalny)ཨ་ལེག་སི་ན་ཝན་ཟེར་བ་ཁོང་གི་གནས་ཚུལ་ཁ་གསལ་མེད་པའི་གནས་སྟངས་ཤིག་གི་འོག་ནས་འདས་གྲོངས་སུ་གྱུར་ཡོད་པར་བརྟེན། ད་ཆར་ཨུ་རུ་སུའི་ནང་འོས་བསྡུ་བྱེད་ཀྱི་ཡོད་ཀྱང་དེ་ནི་འཁྲབ་སྟོན་ཙམ་ལས་དོན་དུ་མི་མང་ལ་རང་དབང་ངང་འོས་བླུག་ཆོག་པ་དང་། རང་དབང་ངང་ཕྱོགས་འགལ་སྲིད་དོན་ཚོགས་པའི་འགོ་ཁྲིད་རྣམས་འོས་བསྡུའི་ཁྲོད་ཆ་ཤས་ལེན་རྒྱུའི་ཐོབ་ཐང་མེད་པ་ཡིན་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་འོས་བསྡུའི་ཉིན་དང་པོའི་ཉིན་མི་མང་འགའ་ཤས་ཀྱིས་འོས་སྒམ་མེར་བསྲེགས་པ་དང་འོས་སྒམ་གྱི་ནང་སྣག་ཚ་བླུགས་པ་སོགས་བྱས་ནས་འོས་ཤོག་འཕྲོག་བརླག་བཏང་ཡོད་འདུག ཨུ་རུ་སུའི་ལྷོ་ཕྱོགས་སུ་ཡོད་པའི་(Voronezh)ཟེར་བའི་ས་ཆའི་ནང་གནས་ཚུལ་མང་པོ་ཐོན་ཡོད་འདུག་ལ། མི་མང་གིས་འོས་སྒམ་མེར་སྲེག་གཏོང་མཁན་དང་སྣག་ཚ་བླུག་མཁན་རྣམས་ཉེན་རྟོག་པས་འཛིན་བཟུང་བྱས་ཟིན་ཡོད་འདུག བྷི་བྷི་སིས་བརྙན་ཞིག་དྲྭ་ཐོག་ཏུ་བཞག་འདུག་པ་དང་། བརྙན་དེའི་ནང་བུད་མེད་གཅིག་གིས་སྣུམ་བླུགས་པའི་ཤེལ་དམ་ཞིག་གི་ཁར་མེ་སྦར་ཏེ་འོས་བསྡུ་བྱེད་ཡུལ་གྱི་ཁང་པའི་ནང་གཡུག་ཐབས་བྱས་ཀྱང་གཡུག་མ་ཐུབ་ནས་སྒོ་འགྲམ་དུ་ཟགས་ཤིང་། དེ་མ་ཐག་བདེ་སྲུང་མི་སྣས་ཁོང་མོ་འཛིན་བཟུང་བྱེད་བཞིན་པ་མཐོང་རྒྱུ་འདུག དོན་རྐྱེན་དེ་འབྱུང་སའི་ས་ཆ་ནི་(St Petersburg)ཟེར་བའི་ནང་ཡིན་འདུག དེ་བཞིན་བྷི་བྷི་སི་གསར་ཁང་གིས་ད་བར་གནས་ཚུལ་དེ་འདྲ་༦ ཙམ་བྱུང་ཡོད་པ་ཤེས་རྟོགས་བྱུང་འདུག གཞན་ད་ལྟའི་ཨུ་རུ་སུས་བཙན་བཟུང་བྱས་པའི་ཡུག་རེན་གྱི་ས་ཁུལ་དེ་དག་གི་ནང་དུ། མི་མང་རྣམས་ལ་ཡང་བཙན་དབང་ཐོག་ནས་འོས་བླུག་བཅུག་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག དེ་བཞིན་ཨུ་རུ་སུས་བཙན་བཟུང་བྱས་པའི་ཡུག་རེན་གྱི་ས་ཁུལ་དེ་དག་གི་ནང་དུ། མི་མང་འགའ་ཤས་ཀྱིས་ཨུ་རུ་སུའི་འོས་སྒམ་གཏོར་ནས་ཡུག་རེན་ལ་བསྟོད་ཚིག་གི་འབོད་སྒྲ་སྒྲོག་བཞིན་ངོ་རྒོལ་ཡང་བྱས་ཡོད་འདུག ཨུ་རུ་སུའི་འོས་བསྡུའི་འགན་འཛིན་(Ella Pamfilova )ཟེར་བ་དེས་ཀྱང་། ད་བར་འོས་སྒམ་གྱི་ནང་ཆུ་དང་སྣག་ཚ་སོགས་བླུགས་ནས་འོས་ཤོག་འཕྲོག་བརླག་གཏོང་མཁན་གྱི་དོན་རྐྱེན་དེ་འདྲ་ལྔ་བྱུང་ཡོད་པ་དང་། ཉེས་ཅན་པ་དེ་དག་ལ་ལོ་ལྔའི་བཙོན་འཇུག་ཉེས་ཆད་ཕོག་རྒྱུ་རེད་ཅེས་བརྗོད་འདུག ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་(Alexei Navalny)ཨ་ལེག་སི་ན་ཝན་ཟེར་བ་ཁོང་གི་བཟའ་ཟླ་(Yulia Navalnaya)ཞེས་པ་ཡིས། ནུབ་ཕྱོགས་པའི་རྒྱལ་ཁབ་ཚོས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་ལ་ཐེངས་ལྔ་པའི་སྲིད་འཛིན་ཐོབ་ན་ཨུ་རུ་སུའི་སྲིད་འཛིན་ལ་ངོས་འཛིན་བྱེད་མི་རུང་བ་དང་། རྒྱུ་མཚན་ནི་ཐེངས་འདིའི་འོས་བསྡུ་དྲང་བདེན་དང་རང་དབང་ངང་འོས་བླུག་འཇུག་གི་མེད་པ་རེད་ཅེས་བརྗོད་འདུག་ལ། ཨུ་རུ་སུའི་ནང་ཡོད་པའི་ཕྱོགས་འགལ་ཚོགས་པ་ཚོས་ད་ལྟའི་འོས་བསྡུ་དེ་ལ་ངོ་རྒོལ་བྱེད་དགོས་པ་སོགས་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||