རྒས་པ་དང་རྒས་གསོ་ཁང་།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༢)

འཛམ་གླིང་ཤར་ནུབ་ཀྱི་ཡུལ་གྲུ་ཀུན་ཏུ་སྤྱི་ཚོགས་ཀྱི་དགོས་མཁོ་དང་མཐུན་པའི་རྒས་གསོ་ཁང་དར་སྲོལ་ཆེན་པོ་ཡོད་པ་དང་། ལྷག་པར་དུ་ནུབ་ཕྱོགས་ལ་མཚོན་ན་རྒས་གསོ་ཁང་གི་མཐུན་རྐྱེན་ཧ་ཅང་ལེགས་ཤིང་། ཕལ་ཆེར་མི་རེར་དུས་རྒྱུན་ཞབས་ཞུ་བ་རེ་རེའི་མཐུན་རྐྱེན་ཡོད། སྡོད་ཁང་གི་ཐོག་ནས་བཤད་ཀྱང་ཚད་མཐོའི་མགྲོན་ཁང་གི་སྤུས་ཚད་དང་མཉམ་པས། ཕྱིའི་མཐུན་རྐྱེན་ཐོག་ནས་དཀའ་ངལ་གང་ཡང་མེད་པ་ལྟ་བུ་ཡོད། ཤར་ཕྱོགས་སུའང་རྒས་གསོ་ཁང་དར་ཁྱབ་ཆེན་པོ་བྱུང་ཞིང་། སྔོན་མ་རྒྱ་གར་དུ་རྒས་གསོ་ཁང་ཞིག་དབུ་འབྱེད་མཛད་སྒོའི་སྐབས་བདག་ཉིད་ཆེན་པོ་གཱན་དྷི་གདན་འདྲེན་ཞུས་པར། ཁོང་གིས་སྤྱི་ཚོགས་ནང་རྒས་གསོ་ཁང་གཅིག་ཀྱང་མི་དགོས་པ་ཞིག་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ཚུལ་སོགས་གསུངས་པའི་ལོ་རྒྱུས་ཡོད་པ་བཞིན། དོན་དངོས་སུ་བུ་ཕྲུག་ཡོད་པའི་རྒས་པ་ཞིག་ལ་མཚོན་ན་བུ་ཕྲུག་གི་བྱམས་སྐྱོང་འོག་ནས་མི་ཚེ་སྐྱེལ་བ་ལས་ལྷག་པའི་ལུས་སེམས་གཉིས་ལ་བདེ་སྐྱིད་ཅིག་མེད་པ་སྨྲོས་ཅི་ལ་དགོས།

བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་འོག་རྒས་གསོ་ཁང་བཅུ་བཞི་ཡོད་པ་དང་། དེ་དག་གི་མཐུན་རྐྱེན་ཚང་མ་བོད་མིའི་སྒྲིག་འཛུགས་ནས་ནར་གཏོང་བྱེད་ཀྱི་ཡོད། རྒས་པ་བདག་མེད་རྣམས་གསོ་སྐྱོང་བྱ་རྒྱུའི་ལས་དོན་དེ་ཧ་ཅང་གལ་ཆེན་པོ་ཡིན་པ་བཞིན། ཉེ་ཆར་ཕྱི་ཟླ་༤ ཚེས་༦ ཉིན་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེ་མན་ཌི་རྫོང་ཁོངས་ཅོན་ཏ་ར་ས་གནས་སུ་ནང་སྲིད་ལས་ཁུངས་ཀྱིས་རྒས་གསོ་ཁང་གསར་རྒྱག་ལེགས་གྲུབ་ཀྱི་མཛད་སྒོ་ཞིག་འཚོགས་སོང་། ཅོན་ཏ་རར་སྔོན་མ་ནས་རྒས་གསོ་ཁང་ཡོད་ཀྱང་། ཁང་པ་གསར་རྒྱག་བྱེད་སྟངས་དང་མཐུན་རྐྱེན་སོགས་གང་ཐད་ནས་ད་ལྟའི་ཆར་དཀའ་ངལ་མང་པོ་ཞིག་ཡོད་སྟབས། རྒས་གསོ་ཁང་རྙིང་པ་རྩ་བ་ནས་གཏོར་ཏེ་གསར་རྒྱག་བྱས་པ་ཞིག་རེད་འདུག རྒས་གསོ་ཁང་འདི་ལ་མཚོན་ན་ནང་སྲིད་ལས་ཁུངས་ཀྱི་འཛིན་སྐྱོང་འོག་ཡོད་པའི་རྒས་གསོ་ཁང་མཐུན་རྐྱེན་ཡག་ཤོས་སུ་གྱུར་ཡོད་པ་དང་། འཛུགས་སྐྲུན་གྱི་འགྲོ་སོང་ཡང་ཧིན་སྒོར་འབུམ་སུམ་བརྒྱ་ལྷག་བཏང་ཡོད་འདུག 

རྩ་བས་རྒས་གསོ་ཁང་མཐུན་རྐྱེན་ག་འདྲ་ཡག་ཀྱང་བུ་ཕྲུག་གི་བྱམས་སྐྱོང་འོག་གནས་པ་དང་གཏན་ནས་མི་འདྲ་བས། ཕ་མ་རྒས་འཁོགས་རྣམས་རྒས་གསོ་ཁང་ལ་གཏོང་རྒྱུ་དེ་ཐབས་ལམ་ཡག་པོ་ཞིག་མིན། འོན་ཀྱང་བུ་ཕྲུག་བདག་སྐྱོང་བྱེད་མཁན་མེད་པ་དང་། དཔལ་འབྱོར་གྱི་གནས་སྟངས་ཡག་པོ་མེད་མཁན་ཞིག་ལ་མཚོན་ན་རྒས་གསོ་ཁང་དུ་མི་འགྲོ་ཐབས་མེད་ཡིན་པས་རྒས་གསོ་ཁང་གི་མཐུན་རྐྱེན་ཡག་པོ་དགོས་པ་དེ་གལ་ཆེན་པོ་རེད། སྔོན་ཐོན་རྒྱལ་ཁབ་ཁག་ལ་མཚོན་ན་རང་ཉིད་ཀྱིས་མི་ཚེར་ལས་ཀ་བྱས་པའི་ཁྲལ་འབབ་ལ་བརྟེན། རྒས་པར་གྱུར་ཚེ་གསོ་སྐྱོང་གི་མཐུན་རྐྱེན་དེ་ངེས་པར་འཐོབ་དགོས་པའི་ཐོབ་ཐང་འབའ་ཞིག་ཏུ་གྱུར་ཡོད། བཙན་བྱོལ་བོད་གཞུང་གི་ལྟ་སྐྱོང་འོག་ཡོད་པའི་རྒས་གསོ་ཁང་དག་ལ་མཚོན་ན་དེ་དག་དང་མི་འདྲ་བར་མཐུན་རྐྱེན་ཚང་མ་བོད་གཞུང་གིས་ཐབས་འཚོལ་བྱེད་དགོས། དེ་ཡང་སྐྱབས་བཅོལ་བའི་སྒྲིག་འཛུགས་ཤིག་ཡིན་པའི་ཆ་ནས་མཐུན་རྐྱེན་ཡག་པོ་འདི་འདྲ་ཞིག་བསྐྲུན་ཐུབ་པ་ནི་ཆེས་བསྔགས་བརྗོད་འོས་པ་ཞིག་ཏུ་གྱུར་ཡོད།

བཙན་བྱོལ་བོད་མིའི་རྒས་གསོ་ཁང་དག་མཐུན་རྐྱེན་ག་ཚོད་ལེགས་ཀྱང་། སྨན་བཅོས་དང་དུས་རྒྱུན་གྱི་ཞབས་ཞུ་སྔོན་ཐོན་རྒྱལ་ཁབ་ཁག་དང་སྡུར་ཐབས་མེད་པ་དང་། དཔེར་ན་རྒས་གསོ་ཁང་གི་ཞབས་ཞུ་བ་རྣམས་ལ་མཚོན་ན་ཆེད་དུ་སྦྱོང་བརྡར་ཐོབ་མཁན་ཡིན་མིན་དང་། ཞབས་ཞུ་བྱེད་མཁན་མི་གྲངས་མང་ཉུང་། སྨན་པ་དང་སྨན་ཞབས་པ་ཡོད་མེད་སོགས་གང་ཐད་ནས་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་དེ་ལྟ་བུའི་མཐུན་རྐྱེན་སྤྲོད་ཐུབ་ཐབས་མེད་པས། བུ་ཕྲུག་ནུབ་ཕྱོགས་སུ་གནས་སྡོད་བྱས་ཏེ་ཕ་མ་རྒྱ་གར་དུ་རྒས་གསོ་ཁང་ཞིག་ལ་བཅུག་ཐུབ་པ་ཙམ་གྱིས་བློ་བདེ་བག་ཕེབས་སུ་གནས་ཆོག་པ་ཞིག་ག་ལ་ཡིན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མི་རབས་རྒན་པ་ལྟ་སྐྱོང་བྱེད་མཁན་མེད་པ་རྣམས་ལ་མཐུན་རྐྱེན་འདི་ལྟ་བུ་ཞིག་བསྐྲུན་ཡོད་པ་དང་། བོད་པའི་རིག་གནས་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཐོག་ནས་ཕ་མའི་དྲིན་ལན་འཇལ་བའི་ཡ་རབས་བཟང་སྤྱོད་ཀྱི་བྱ་གཞག་སོགས་གང་ཐད་ནས་ཕ་མ་རྒས་གསོ་ཁང་དུ་སྐྱེལ་རྒྱུ་དེ་ཐབས་ལམ་ཡག་པོ་ཞིག་མ་རེད།

མདོར་ན་བོད་མིའི་སྒྲིག་འཛུགས་ལ་མཚོན་ན་དཔལ་འབྱོར་གྱི་གནས་བབས་དེ་ཙམ་ཡག་པོ་མེད་པ་དང་། ལས་དོན་ཆེན་པོ་གང་དང་གང་བྱས་ཀྱང་ཚང་མ་གཞན་ལ་ཞུ་བ་འབའ་ཞིག་བྱེད་དགོས་པས། ལས་སླ་པོ་ཞིག་གཏན་ནས་མིན་ཡང་། ལས་དོན་འདི་ལྟ་བུ་ལ་ནུས་པ་འདོན་ཐུབ་ན་མི་རབས་རྒན་པ་ལྟ་སྐྱོང་བྱེད་མཁན་མེད་པ་རྣམས་ལ་གཟིགས་སྐྱོང་ཡང་དག་པ་ཞིག་ཏུ་གྱུར་ཡོད། མ་འོངས་པར་མུ་མཐུད་རྒས་གསོ་ཁང་མཐུན་རྐྱེན་ཞན་པ་རྣམས་རིམ་པས་ཡར་རྒྱས་གཏོང་ཐུབ་ན་ནང་སྲིད་ལས་ཁུངས་ཀྱི་ལས་དོན་ཐོག་ནས་བྱས་རྗེས་ཆེ་ཤོས་སུ་གྱུར་ཡོད། ན་གཞོན་དར་མ་རྣམས་ལ་མཚོན་ན་རང་ཉིད་ཀྱིས་འབད་བརྩོན་ལ་བརྟེན་ནས་རང་འཚོ་ཐུབ་ཐབས་ཡོད་ཀྱང་། འཁོས་འབྱོར་ཞན་ཞིང་ལུས་སེམས་རྒུད་པའི་རྒས་པ་ཞིག་ལ་མཚོན་ན་རང་ངོས་ནས་འཚོ་ཐབས་སྤུས་གཙང་ཞིག་ཡོང་ཐབས་མེད་པས། བོད་མི་རིགས་ཀྱི་ཡ་རབས་བཟང་སྤྱོད་དང་། ལས་འབྲས་ལ་བརྩི་བའི་རིག་གཞུང་དང་གོམས་སྲོལ་བཟང་པོ་དེ་མུ་མཐུད་གནས་ཐུབ་པར་ཐབས་ལམ་ཡག་ཤོས་སུ་གྱུར་ཡོད།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||