རྒྱ་གཞུང་གིས་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གནས་སྤོ་རྒྱུ་འགོ་བརྩམས་ཡོད་འདུག

བརྒྱུད་ལམ་གྱི་པར།

རྒྱ་ནག་གཞུང་གིས་གློག་ཁང་གསར་རྒྱག་ཆེད་དུ་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དཔལ་ཁ་གྲོང་རྡལ་ནས་སྤྱི་ལེ་གསུམ་བཞི་ཙམ་གྱི་མཚམས་སུ་ཡོད་པའི་ཁྱོ་དཀར་ནག་ལོ་ཞེས་པའི་རི་སྣ་ཞིག་ཡོད་པ་དེར་གནས་སྤོ་དགོས་པའི་བཀའ་བཏང་ཡོད་པ་ལྟར། ད་ཆར་གནས་སྤོ་འགོ་བརྩམས་ཡོད་འདུག

ཕྱི་ཚེས་༡༡ ཉིན་བོད་ནང་གནས་བཞུགས་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་གནས་ཚུལ་སྤེལ་དོན་ལྟར་ན། རྒྱ་ནག་གཞུང་གིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བྲག་དཀར་རྫོང་དུ་རྨ་ཆུའི་གཡང་འཁྱིལ་ཆུ་གློག་ས་ཚུགས་ཟེར་བ་ཞིག་འཛུགས་བསྐྲུན་ཆེད་དུས་རབས་བཅུ་དགུའི་ནང་བཞེངས་པའི་བོད་ཀྱི་དགོན་པ་རྩ་ཆེན་ཨ་ཚོགས་དགོན་བདེ་ཆོས་འཁོར་གླིང་གནས་སྤོ་དགོས་པའི་མཛད་སྒོ་ཚོགས་ཡོད་འདུག་ལ། བོད་མི་དད་ལྡན་མང་པོས་དགོན་པའི་མདུན་དུ་སེམས་སྐྱོ་བའི་ངང་ཕྱག་སྐོར་དང་སྨོན་ལམ་གསོལ་འདེབས་བྱེད་བཞིན་པའི་བརྙན་དེ་འདྲ་དྲྭ་ཐོག་ཏུ་མཐོང་རྒྱུ་འདུག

ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ནི་མཚོ་ལྷོ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་དཀར་མོ་གཡང་འཁྱིལ་རྨ་ཆུའི་འགྲམ་དུ་ཆགས་ཡོད་པ་དང་། དགོན་པ་དེ་ནི་ཕྱི་ལོ་༡༨༨༩ ལོར་ཨ་ཚོགས་མཆོག་སྤྲུལ་དཀོན་མཆོག་ཆོས་དར་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་འདུག་ལ། གནས་རྩ་ཆེན་ཡིན་པས་ཨ་མདོའི་ས་ཁུལ་དུ་མིང་གྲགས་ཧ་ཅང་ཆེན་པོ་ཡོད་འདུག ད་ལྟ་དགོན་པ་དེར་སློབ་གཉེར་གནང་མཁན་དགེ་འདུན་པ་ཞལ་གྲངས་ ༡༥༧ ལྷག་ཡོད་ཅིང་། ཕྱི་ལོ་༢༠༢༡ ལོའི་སྟོན་མཇུག་ནས་བཟུང་རྒྱ་གཞུང་གིས་རང་ལོ་༡༨ མ་ཟིན་པའི་དགེ་འདུན་པ་རྣམས་དགོན་པར་འཛུལ་ཞུགས་མི་ཆོག་པ་བཟོས་ཡོད་འདུག  

དགོན་དེ་སྔོན་ཚུད་ནས་གནས་སྤོ་རྩིས་ཀྱིས་དགོན་པའི་འདུ་ཁང་སོགས་གནའ་རབས་ལད་མོ་བྱས་པ་ཙམ་ལས་རྙིང་པ་མིན་པར་བརྗོད་དེ། རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་ཀྱི་སྡེ་ཚན་ནས་རྩིས་མེད་བཏང་ཡོད་འདུག ཕྱི་ལོ་༢༠༡༤ ནས་༢༠༡༧ བར་རྒྱ་གཞུང་གིས་དཀར་མོ་གཡང་འཁྱིལ་གྱི་ཟམ་ཆེན་བསྐྱར་དུ་འཛུགས་སྐྲུན་བྱས་ཏེ། མང་ཚོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་དཔལ་འབྱོར་འདུ་འགོད་ལ་ཕན་ཐོགས་ཆེ་ལུགས་བཤད་དེ། ཟམ་པ་རྒྱ་ཆེ་རུ་བཏང་ནས་ཆུ་གློག་ས་ཚིགས་འཛུགས་སྐྲུན་ལ་སྟབས་བདེ་བསྐྲུན་ཡོད་འདུག 

རྨ་ཆུའི་གཡང་འཁྱིལ་ཆུ་གློག་ས་ཚུགས་ཟེར་བ་ཞིག་འཛུགས་བསྐྲུན་ཆེད་རྒྱ་ནག་གཞུང་གི་བརྙན་འཕྲིན་CCTVཡིས་བཤད་པ་ལྟར་ན། གཡང་འཁྱིལ་ཆུ་གློག་ས་ཚུགས་འདེ་AIམི་མེད་ཁ་ལོ་གནམ་གྲུ་དང་3Dལག་རྩལ་སྤྱད་དེ་བཟོས་པའི་འཛམ་གླིང་ཐོག་གི་འཛུགས་བསྐྲུན་མཐོ་ཤོས་དེ་ཆགས་རྒྱུ་རེད་ཅེས་བརྗོད་ཡོད་འདུག 

ལོ་འགའི་སྔོན་ཆུ་གློག་ས་ཚུགས་འདི་ཆོག་མཆན་མེད་པར་འཛུགས་སྐྲུན་བྱས་རྐྱེན་རྒྱ་སྒོར་ཁྲི་༢༠་ཡི་ཉེས་ཆད་བཏང་ཡོད་འདུག་ལ། ཆུ་གློོག་འཛུགས་སྐྲུན་གྱི་ས་ཁུལ་ཐུན་ཏེ་རྫོང་དུ་ལྫོན་ཤིང་རྩ་ཆེན་མང་པོ་ཡོད་འདུག་ཀྱང་། མ་འོངས་པ་གློག་ཁང་འཛུགས་བསྐྲུན་གྱི་རྐྱེན་པས་རྩ་སྟོང་འགྲོ་ཉེན་ཡོད་འདུག 

གསར་འགོད་པ།་བསོན་ནམས་ཕུན་ཚོགས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||