རྒྱ་གར་གྱི་འོས་བསྡུའི་ཆ་ཤས་ལེན་མཁན་ཡུ་རོབ་ཀྱི་རྒྱལ་ཁབ་ཚང་མ་བསྡོམས་པའི་མི་ལས་མང་བ་ཡོད་འདུག

༢༠༡༩ ལོར་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ཁྲོད་རྒྱ་གར་གྱི་མངའ་སྡེ་༢༨ དང་ཐད་སྐྱོང་༨ མི་མང་ས་ཡ་༩༦༨ ཙམ་གྱིས་འོས་བསྡུའི་ཁྲོད་ཆ་ཤས་བླངས་ཡོད་འདུག་པར་བརྟེན། ཡུ་རོབ་རྒྱལ་ཁབ་ཚང་མ་བསྡོམས་ཀྱང་རྒྱ་གར་གྱི་འོས་བསྡུའི་ཁྲོད་འཛུལ་ཞུགས་གནང་མཁན་མི་མང་བ་ཡོད་འདུག 

ཕྱི་ཚེས་༢༥ ཉིན་རྒྱ་གར་(Firstpost)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོར་འཛམ་གླིང་ནང་རྒྱལ་ཁབ་མང་པོ་ཞིག་འོས་བསྡུ་བྱེད་རྒྱུ་ཡིན་འདུག་པ་དང་། དེའི་ནང་ནས་རྒྱ་གར་ཡང་འོས་བསྡུ་བྱེད་མཁན་གཅིག་ཡིན་འདུག རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་དེ་ཕྱི་ཟླ་༤ ཚེས་༡༩ ཉིན་འགོ་འཛུགས་བྱེད་རྒྱུ་ཡིན་འདུག་ལ། དེ་ཡང་རྒྱ་གར་གྱི་མངའ་སྡེ་རིམ་པར་བྱས་ནས་ཕྱི་ཟླ་༤ ཚེས་༡༩ ནས་ཕྱི་ཟླ་༦ ཚེས་༡ བར་ཉིན་གྲངས་༤༤ རིང་ལ་འོས་བསྡུ་བྱས་ཏེ། འོས་བསྡུའི་གྲུབ་འབྲས་དེ་ཕྱི་ཟླ་༦ ཚེས་༤ ཉིན་གསལ་བསྒྲགས་བྱེད་རྒྱུ་ཡིན་འདུག རྒྱ་གར་ནི་ད་ཆར་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་དེ་ཡིན་པར་བརྟེན། ༢༠༡༩ ལོར་རྒྱལ་ཡོངས་འོས་བསྡུའི་ནང་མི་མང་ཁྱོན་ས་ཡ་༩༦༨ ཙམ་གྱིས་འོས་བསྡུའི་ཆ་ཤས་བླངས་ཡོད་འདུག་པ་དང་། ཡུ་རོབ་རྒྱལ་ཁབ་ཚང་མའི་མི་འབོར་ལས་ལོ་དེའི་རྒྱ་གར་གྱི་འོས་བསྡུའི་ཁྲོད་ཆ་ཤས་ལེན་མཁན་མང་བ་ཡོད་འདུག ༢༠༡༩ ལོར་རྒྱ་གར་གྱི་འོས་བསྡུའི་ཁྲོད་ཆ་ཤས་ལེན་མཁན་སྐྱེས་པ་ས་ཡ་༤༩༧ དང་བུད་མེད་ས་ཡ་༤༧༡ ། དེའི་ནང་ནས་གཞོན་སྐྱེས་ས་ཡ་༡༩༧ དང་ལོ་དེར་ཐེངས་དང་པོ་འོས་བསྡུའི་ནང་ཆ་ཤས་ལེན་མཁན་ས་ཡ་༡༨།  རང་ལོ་༨༥ དང་དེའི་སྒང་ལ་ཡིན་མཁན་ཁྱོན་ས་ཡ་༨་༢།  རང་ལོ་བརྒྱ་དང་བརྒྱའི་སྒང་ལ་ཡིན་མཁན་ས་ཡ་༠་༢ ཙམ་བྱུང་ཡོད་འདུག དེ་བཞིན་རྒྱལ་ཁབ་ཕྱི་ཕྱོགས་སུ་ཡོད་པའི་རྒྱ་གར་བ་རྣམས་ཀྱིས་ཀྱང་རྒྱ་གར་གྱི་རྩ་ཁྲིམས་གཞིར་བཟུང་འོས་བསྡུའི་ཆ་ཤས་ལེན་ཆོག་ཀྱང་། འོས་བསྡུའི་སྐབས་སུ་རང་ཉིད་རྒྱ་གར་ནང་དངོས་སུ་ཡོང་དགོས་ཀྱི་ཡོད་འདུག འོས་བསྡུ་དེའི་ནང་རྒྱ་གར་གྱི་གྲོས་ཚོགས་ཀྱི་འཐུས་མི་ཁྱོན་༥༤༣ འདེམས་དགོས་ཀྱི་ཡོད་འདུག་པ་དང་།  འོས་བསྡུའི་ཁྲོད་དབུས་གཞུང་གི་ནང་དུ་སྲིད་དོན་ཚོགས་པ་༦ དང་མངའ་སྡེ་ཁག་ནང་སྲིད་དོན་ཚོགས་པ་༥༢ གཞུང་གིས་ངོས་འཛིན་མེད་པའི་སྲིད་དོན་ཚོགས་པ་ཁྱོན་༢༣༠༡ ཙམ་ཡོད་འདུག དབུས་གཞུང་གི་ནང་(BJP)སྦི་ཇི་པེ་སྲིད་དོན་ཚོགས་པ་དང་(Congress)ཀང་རེ་སི་སྲིད་དོན་ཚོགས་པ་གཉིས་ཆེ་ཤོས་ཡིན་འདུག་ལ། གཞན་ཆུང་གྲས་འགའ་ཤས་ཡོད་འདུག རྒྱ་གར་ནང་གི་འོས་ཤོག་བླུག་སྟངས་ནི་གཞན་དང་མི་འདྲ་བར་འཕྲུལ་ཆས་ཐོག་ནས་འོས་བླུག་གི་ཡོད་འདུག་པས། འཕྲུལ་ཆས་དེའི་མིང་ལ་(EVM)མིང་ཆ་ཚང་ལ་(Electronic Voting Machines)ཟེར་གྱི་ཡོད་འདུག འཕྲུལ་ཆས་དེའི་སྒང་ལ་འོས་མིའི་མིང་དང་སྲིད་དོན་ཚོགས་པའི་མིང་། སྲིད་དོན་ཚོགས་པའི་རྟགས་བཅས་ཡོད་འདུག མི་མང་གིས་མིང་དང་རྟགས་ལ་བལྟས་ནས་མཛུབ་མོས་གནོན་ཆས་ཐོག་མནན་ནས་འོས་བླུག་དགོས་པ་ལས་ཤོག་བུའི་ཐོག་བྲིས་ནས་འོས་བླུག་དགོས་ཀྱི་ཡོད་མི་འདུག འཕྲུལ་ཆས་དེ་ཐོག་མ་ཕྱི་ལོ་༡༩༨༢ ལོར་བེད་སྤྱོད་འགོ་བཙུགས་ཡོད་འདུག རྒྱ་གར་ནང་འཕྲུལ་ཆས་བེད་སྤྱོད་བྱེད་དགོས་དོན་ནི་རྒྱ་གར་ནང་མི་འབོར་ཧ་ཅང་ཕོན་ཆེན་པོ་ཡིན་པར་བརྟེན། ཤོག་བུ་བེད་སྤྱོད་བྱས་ན་ཤོག་བུ་ཧ་ཅང་ཕོན་ཆེན་པོ་ཞིག་བེད་སྤྱོད་བྱེད་དགོས་པ་དང་། དུས་ཚོད་རིང་པོ་འགོར་གྱི་ཡོད་པའི་རྐྱེན་གྱིས་འཕྲུལ་ཆས་བེད་སྤྱོད་བྱས་ནས་སྟབས་བདེ་རུ་བཏང་ཡོད་འདུག འོས་བསྡུ་དེའི་ནང་ཁྱོན་ལས་བྱེད་ས་ཡ ༡༥ ཙམ་གྱིས་འགན་འཁུར་བྱེད་ཀྱི་ཡོད་འདུག་པ་དང་། རྒྱ་གར་གྱི་ས་ཆ་མང་པོ་ཞིག་ནི་ཧ་ཅང་གིས་ཁུག་ཀྱོག་ཡིན་འདུག་ཀྱང་འོས་བསྡུའི་ལས་བྱེད་དེར་ཕྱིན་ནས་འོས་ལེན་གྱི་ཡོད་འདུག  དཔེར་ན་རྒྱ་གར་གྱི་ལྷོ་ཤར་ཕྱོགས་སུ་ཡོད་པ་(Bay of Bengal)ཟེར་བའི་རྒྱ་མཚོའི་ནང་དུ་(Andaman )དང་(Nicobar་)ཟེར་བའི་གླིང་ཕྲན་གཉིས་ཡོད་འདུག་པ་དང་། གླིང་ཕྲན་དེའི་ནང་རྒྱལ་ཡོངས་འོས་བསྡུའི་ཁྲོད་ཆ་ཤས་ལེན་མཁན་མི་༩ ལས་ཡོད་མི་འདུག་ཀྱང་། འོས་བསྡུའི་ལས་ཁུངས་ཀྱི་ལས་བྱེད་ཉིན་མཚན་བསྟུད་མར་གྲུ་གཟིངས་ནང་ཆེད་དུ་དེར་ཕྱིན་ནས་འོས་བསྡུ་བར་འགྲོ་ཡི་ཡོད་འདུག དེ་བཞིན་རྒྱ་མཚོ་ལས་བརྩིས་ན་མཐོ་ཚད་ཕི་ཊི ༡༥༢༥༦ ཙམ་ལ་ཡོད་པའི་ཧི་མ་ཅལ་མངའ་སྡེའི་ཤིང་ནགས་སྟུག་ས་ལ་ཡང་ཕྱིན་ནས་འོས་བསྡུ་ཡི་ཡོད་འདུག ས་ཆ་འགའ་ཤས་ལ་མི་ཡིས་ཉིན་མཚན་བསྟུད་མར་གོམ་པ་བརྒྱབས་ནས་འོས་ཤོག་བསྡུ་འགྲོ་དགོས་ཀྱི་ཡོད་འདུག ཕྱི་ལོ་༢༠༡༤ ལོའི་ནང་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུའི་ནང་ཆ་ཤས་ལེན་མཁན་བརྒྱ་ཆ་༦༦་༤ དང་ཕྱི་ལོ་༢༠༡༩ ནང་ཁྱོན་༦༧་༤ བཅས་ལོ་རྒྱུས་ནང་འོས་བསྡུའི་ཆ་ཤས་ལེན་མཁན་མང་ཤོས་དེ་ཆགས་ཡོད་འདུག འདི་ལོའི་རྒྱ་གར་གྱི་འོས་བསྡུའི་ནང་མ་དངུལ་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༡༠་ནས་༡༥ བར་གཏོང་དགོས་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་སྲིད་དོན་ཚོགས་པས་སོ་སོའི་དྲིལ་བསྒྲགས་བྱེད་དགོས་པ་དང་། འོས་བསྡུའི་ལས་བྱེད་ཀྱི་གླ་ཆ། འོས་བསྡུའི་གྲ་སྒྲིག་ཆེད་ཀྱི་དངུལ། པར་དང་ཡིག་རིགས་བཟོ་ཆེད་སོགས་ཀྱི་དོན་དུ། འཛམ་གླིང་ནང་འོས་བསྡུའི་ཆེད་དུ་མ་དངུལ་མང་ཤོས་གཏོང་མཁན་ཞིག་ཆགས་རྒྱུ་ཡིན་འདུག འོས་བླུག་རྒྱུ་ནི་དམངས་གཙོ་ལྡན་པའི་རྒྱལ་ཁབ་གཅིག་ལ་མཚོན་ན་མི་མང་ཚོའི་གཞི་རྩའི་ཐོབ་ཐང་ཞིག་དང་ལས་འགན་ཞིག་ཀྱང་ཆགས་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||