རྒྱ་ནག་གཞུང་གིས་བོད་མི་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག 

༧གོང་ས་མཆོག་དང་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེར་སྐྱབས་བསྔོ་ཞུ་རྟེན་ཆེད་དུ་ཕྱི་རྒྱལ་ལ་དངུལ་བསྐུར་བའི་ཉེས་མིང་འོག རྒྱ་ནག་གཞུང་གིས་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་དང་རཱ་ཆུང་དགེ་འདུན་ལགས་ལ་ལོ་གཉིས་དང་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

རཱ་ཆུང་དགེ་འདུན།

དེ་ཡང་ཉེ་ཆར་བཙན་བྱོལ་བོད་མིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན། གྲྭ་རཱ་ཆུང་དགེ་འདུན་ལགས་ཕྱི་ལོ་ ༢༠༢༡ ཟླ་  ༤ ཚེས་ ༡ ཉིན་གྱི་མཚན་མོར་རྔ་ཡུལ་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཡུན་རིང་གང་དུ་ཡོད་མེད་རྩད་གཅོད་ཐུབ་མེད་པ་དང་། ཟླ་ཤས་རྗེས་ཁོང་གི་སྐོར་ཤེས་རྟོགས་བྱུང་བ་ལས་ད་བར་ནང་མི་དང་ཐུག་འཕྲད་ཐེངས་གཅིག་ཀྱང་བྱེད་དུ་བཅུག་མེད་པ་རེད་ལ། ན་ནིང་ནས་བཟུང་ཁོང་གི་ཁྱིམ་མི་ཚོས་ཁོང་གང་མགྱོགས་ཀློད་གྲོལ་གཏོང་བའི་རེ་བ་བྱེད་བཞིན་ཡོད་ཀྱང་། འདི་ལོའི་ཕྱི་ཟླ་ ༧ པའི་ནང་། རྒྱ་ནག་གཞུང་གིས་གྲྭ་རཱ་ཆུང་དགེ་འདུན་ལགས་ནས་བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་ཕྱག་མཛོད་སྤུན་མཆེད་རཱ་ཆུང་ཐོགས་མེད་ལགས་བརྒྱུད། ༧གོང་ས་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་ཕྱོགས་སུ་སྒོར་མོ་བསྐུར་བའི་ཉེས་མིང་འོག་དུས་ཡུན་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག 

དེ་སྔ་ཕྱི་ལོ་༡༩༩༨ ལོའི་ཟླ་ ༡༢ ཚེས་ ༡༡ ཉིན་རྔ་བ་ཀིརྟི་དགོན་དུ་རྔ་བ་ཁུལ་དང་རྫོང་གི་ལས་བྱེད་ལྔ་བཅུ་ཙམ་ཡོང་ནས་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་བཙན་གྱིས་སྤེལ་ནའང་། དེ་ཡང་ལམ་འགྲོ་ཡག་པོ་མ་བྱུང་བར་ཀིརྟི་དགོན་གྲོང་གཉིས་ཀྱི་ས་ཕྱོགས་གང་སར་ཡི་གེ་མང་པོ་སྦྱར་འགྲེམས་བྱས་པ་སོགས་ཀྱི་ངོ་རྒོལ་བྱས་པར་བརྟེན་ནས་གྲྭ་པ་གང་མང་ཞིག་འཛིན་བཟུང་བྱས་ཡོད་པ་དང་། སྐབས་དེར་རྭ་ཆུང་དགེ་འདུན་ལགས་ཀྱང་རྒྱ་ནག་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་གནས་ཚུལ་སོགས་ཕྱི་ལོ་ ༢༠༡༠ ལོར་ཀིརྟིའི་བྱེས་པ་གྲྭ་ཚང་ནས་པར་འགྲེམས་བྱས་པ། <<མི་ཐོག་གསུམ་གྱི་རྨ་ཁ་>>ཞེས་པའི་དཔེ་དེབ་ནང་གསལ་པོར་འཁོད་ཡོད་འདུག 

རཱ་ཆུང་དགེ་འདུན་ལགས་ནི་ཕ་འདས་པོ་རྭ་ཆུང་ཀུ་ཡེ་དང་མ་ནོར་པོ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ཉིད་ཆུང་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ། དགེ་བའི་བཤེས་གཉེན་ཆེན་པོ་སྦྱོར་དགེ་ཨ་ཁུ་ཆོས་འཛིན་དང་ཨ་ཁུ་བློ་ཡེའམ་རྭ་ཁོའི་བློ་བཟང་བསོད་ནམས། དགེ་བཤེས་བློ་བཟང་བཀྲ་ཤིས་སོགས་ཚུལ་བཞིན་དུ་བསྟེན་ནས་བསླབ་པ་སློབ་གཉེར་ལ་གཞོལ་ཏེ་དགོན་པའི་འདོན་ཆོས་སྤྱོད་ཀྱི་རིགས་བློ་འཛིན་དང་། ལྷག་པར་གཞུང་ཆེན་བཀའ་པོད་ལྔ་ལས་མངོན་རྟོགས་རྒྱན་དང་དབུ་མ་འཇུག་པ། རྣམ་འགྲེལ་རྩ་བ།དྲང་ངེས་ལེགས་བཤད་སྙིང་པོ། འགྲེལ་པ་དོན་གསལ།པཎ་ཆེན་ཕར་ཕྱིན་སྤྱི་དོན་སྐབས་དང་པོ་སོགས་བློ་འཛིན་གྱིས་དགོན་པའི་ཚོགས་འདུ་ལས་སྣེའི་མདུན་རྒྱུགས་སྤྲོད་དང་། གཞུང་ཆེན་བཀའ་པོད་ལྔ་གར་འཆད་ཉན་དང་། ཕྱི་ལོ་༢༠༡༧ནས་དགེ་བཤེས་རྒྱུགས་སྤྲོད་ལ་ཞུགས་ཏེ་དགེ་བཤེས་བཀའ་བཅུ་པའི་མཚན་བཏགས་གྲྭ་སྐོར་དམ་བཅའ་ཀིརྟི་དགོན་ཁག་ལ་འགྲོ་བཞིན་པའི་སྐབས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག་ལ། ཁོང་ནི་འདི་ལོའི་ཟླ་༣ཚེས་༢༧ཉིན་གྱི་ཞོགས་པ་རྔ་བ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ་རང་ལུས་མེར་སྲེག་གནང་མཁན་ལོ་བརྒྱད་ཅུ་གྱ་གཅིག་ཡིན་པ་བོད་མི་བཀྲ་ཕུན་ལགས་ཀྱི་ཚ་བུ་ཡང་ཡིན་འདུག

དགེ་བཤེས་བསོད་ནམས་རྒྱ་མཚོ།

དེ་བཞིན་འདི་ལོའི་ཟླ་ ༧ ནང་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལ་ཡང་༸གོང་ས་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་བཅས་ལ་སྐྱབས་བསྔོ་ཞུ་རྟེན་ཕྱི་རྒྱལ་དུ་སྒོར་བསྐུར་བའི་ཉེས་མིང་འོག་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པའི་བྱས་པའི་གནས་ཚུལ་ཐོན་ཡོད་འདུག ཁོང་ནི་རྔ་བ་ཀིརྟི་དགོན་གྱི་ལྷ་སྡེ་འགབ་མ་ནས་ཡིན་པ་ཚེ་རིང་ལགས་ཀྱི་བུ་ཡིན་ཞིང་། སྐུ་ན་ཕྲ་མོའི་དུས་ནས་རྔ་ཡུལ་ཀིརྟི་དགོན་དགེ་ལྡན་ལེགས་བཤད་གླིང་གི་ཆོས་སྒོར་ཞུགས་ཏེ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་ཁུ་བློ་བསྟན་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔར་ཐོས་བསམ་སློབ་གཉེར་རིམ་པ་གནང་མཐར་རྔ་བ་ཀིརྟི་དགོན་ནས་དགེ་བཤེས་མཚན་བཏགས་བཞེས་ཡོད་པ་དང་། རྔ་ཡུལ་ཀིརྟི་དགོན་གྱི་དགེ་བསྐོས་དང་ཆོས་ལུགས་དོ་དམ་ཨུ་ཡོན་ལྷན་ཁང་གི་འགན་འཛིན་གཞོན་པའི་ལས་འགན་སོགས་བཞེས་མྱོང་ཡོད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||