རྒྱ་ནག་གི་བཟོ་ཚོང་ཁང་ཆེ་ཤོས་ཤིག་ལ་མ་འཇོག་བྱེད་མཁན་ཚོས་སེམས་འཚབ་དང་ངོ་རྒོལ་བྱེད་ཀྱི་འདུག

རྒྱ་ནག་གི་བཟོ་ཚོང་ཁང་ཆེ་ཤོས་ཨེ་ཝར་གྷི་རན་ཌི་(China Evergrande Group) ལ་ཨ་སྒོར་ཐེར་འབུམ་༣༠༠ ཙམ་གྱི་བུ་ལོན་ཟུག་ནས་བཟོ་ཚོང་ཁང་གི་དངོས་ཟོག་རྣམས་སྒོར་མོར་སྒྱུར་མི་ཐུབ་པའི་དཀའ་ངལ་འཕྲད་བཞིན་པར་བརྟེན། མ་འཇོག་བྱེད་མཁན་བརྒྱ་ལྷག་གིས་གྲོང་ཁྱེར་ཧྲེན་ཌིན་(Shenzhen) ལ་ཡོད་པའི་ལས་ཁུངས་ཨ་མའི་མཐའ་བསྐོར་ནས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག 

བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་རེས་གཟའ་ཟླ་བའི་ཉིན་སེམས་འཚབ་ཀྱིས་མནར་བའི་མ་འཇོག་བྱེད་མཁན་བརྒྱ་ལྷག་གིས་ཨེ་ཝར་གྷི་རན་ཌི་(Evergrande Group) ཡི་ལས་ཁུངས་ཨ་མའི་མཐའ་བསྐོར་ནས་“ང་ཚོའི་སྒོར་མོ་ཕྱིར་སློག་དགོས་”ཞེས་འབོད་ཚིག་བསྒྲགས་ཡོད་འདུག་ཅིང་། དེ་ནི་རྒྱ་ནག་ཏུ་མཐོང་དཀོན་པའི་མི་ཚོགས་ཀྱི་ངོ་རྒོལ་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད་འདུག
ས་ཁང་གཙོ་བོར་གྱུར་བའི་ཚོང་ཟོག་སྣ་ཚོགས་བཟོ་སྐྲུན་དང་ཉོ་ཚོང་བྱེད་མཁན་གྱི་བཟོ་ཚོང་ཁང་ཆེན་པོ་དེར་ཨ་སྒོར་ཐེར་འབུམ་༣༠༠ ཙམ་གྱི་བུ་ལོན་ཟུག་ནས། མ་དངུལ་འཁོར་རྒྱུག་མི་ཐུབ་པའི་དཀའ་ངལ་ཚབས་ཆེན་འཕྲད་བཞིན་ཡོད་འདུག་པ་དང་། མ་འཇོག་བྱེད་མཁན་ཚོས་བཟོ་ཚོང་ཁང་དེའི་མ་རྩ་ཡོངས་སུ་ཤི་ནས་སོ་སོའི་མ་དངུལ་མི་རག་པའི་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་འདུག་པ་མ་ཟད། ངོ་རྒོལ་བྱེད་དུ་ཡོང་མཁན་ཁྲོད་ནས་བུད་མེད་ཅིག་གིས་གལ་སྲིད་བཟོ་ཚོང་ཁང་དེས་མོའི་མ་དངུལ་ཕྱིར་མ་སློག་པ་ཡིན་ན། མོ་ཁང་བརྩེགས་ཐོག་ནས་མཆོངས་ཏེ་རང་ཤི་རྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་འདུག་པས། ཉེན་རྟོག་པ་༦༠ ལྷག་གིས་ལག་གདང་སྦྲེལ་ནས་ཁང་བརྩེགས་སྲུང་དགོས་པ་ཆགས་ཡོད་འདུག 

རེས་གཟའ་མིག་དམར་ཉིན་བཟོ་ཚོང་ཁང་དེའི་རིན་གོང་གི་བརྒྱ་ཆ་༡༢ མ་ཟིན་ཙམ་མར་ཆག་ཡོད་འདུག་པས། ཉེ་བའི་ཟླ་བ་དྲུག་གི་ནང་ཚུན་དུ་བཟོ་ཚོང་ཁང་དེའི་རིན་གོང་གི་བརྒྱ་ཆ་༨༠ ཙམ་མར་ཆག་ནས་ད་ལྟ་ཉོ་མཁན་ཡང་དཀོན་པའི་ཚད་དུ་ལྷུངས་ཡོད་འདུག 

བཟོ་ཚོང་ཁང་དེ་ནི་རྒྱ་ནག་གི་ས་ཁང་ཉོ་ཚོང་གི་བཟོ་ཚོང་ཁང་ཆེ་ཤོས་དེ་ཡིན་འདུག་པ་དང་། ད་ལྟའི་ཆར་རྒྱ་ནག་གི་གྲོང་ཁྱེར་༢༨༠ ལྷག་གི་ནང་དུ་ལས་འཆར་༡༣༠༠ བརྒལ་བ་ཡོད་འདུག་པ་མ་ཟད། རྐང་རྩེད་སྤོ་ལོའི་རུ་ཁག་དང་། རླངས་འཁོར་བཟོ་གྲྭ། ཁ་ཟས་དང་བཏུང་ཆུ་བཟོ་གྲྭ་ལ་སོགས་པའི་བདག་དབང་ཡང་དེ་དང་འབྲེལ་ནས་ཡོད་འདུག་པར་བརྟེན། རྒྱ་ནག་གི་དཔལ་འབྱོར་ཉམས་ཞིབ་པ་ཚོས་བཟོ་ཚོང་ཁང་དེའི་བུ་ལོན་གྱི་དཀའ་ངལ་དེས། འཛམ་གླིང་གི་དཔལ་འབྱོར་ཨང་གཉིས་པ་སྟེ། རྒྱ་ནག་གི་དཔལ་འབྱོར་ལའང་ཤུགས་རྐྱེན་ཐེབས་སྲིད་པའི་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག །

གསར་འགོད་པ་དཀོན་མཆོག་རབ་བརྟན། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||