རྒྱལ་སྤྱིའི་ཆུ་བོ་སྲུང་སྐྱོབ་ཀྱི་ཉིན་མོ་སྲུང་བརྩི་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ།

རྒྱ་གཞུང་གིས་རྒྱལ་སྤྱིའི་ཐོག་ཆུ་མཛོད་འཛུགས་སྐྲུན་བྱེད་བཞིན་པ་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་ཡིན་པར་སྒྲོག་གི་ཡོད་ཀྱང་། ཆུ་མཛོད་འཛུགས་སྐྲུན་གྱིས་བོད་ཀྱི་ས་ཆ་དང་། ཁོར་ཡུག མི་མང་སོགས་ལ་དོ་ཕོག་འགྲོ་གི་ཡོད་པ་རྒྱལ་སྤྱིའི་ཐོག་ཤེས་ཀྱི་མེད་པ་དེ་གསལ་བོ་བཟོ་དགོས་པ་གལ་ཆེན་པོ་རེད་ཅེས་བརྗོད།

ཟླ་བ་འདིའི་ཚེས་ ༡༤ ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་འཛམ་གླིང་ཆུ་བོ་སྲུང་སྐྱོབ་ཉིན་མོ་སྲུང་བརྩིའི་ཆེད་དུ་བགྲོ་གླེང་ཚོགས་འདུ་ཞིག་གོ་སྒྲིག་ཞུས་པ་འདུག་པ་དང་། ཐེངས་འདིའི་བགྲོ་གླེང་ཐོག་བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་ཛམ་ལྷ་བསྟན་པ་རྒྱལ་མཚན་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལྷ་སྒྲོན།

སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བདེ་ཆེན་དཔལ་མོ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ལུང་རྟོགས། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཉམས་ཞིབ་པ་བློ་བཟང་དབྱངས་མཚོ། དེ་མིན་གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གི་སྐུ་ཚབ་དང་། གསར་འགོད་པ་དང་ཉམས་ཞིབ་པ་བཅས་མཉམ་ཞུགས་གནང་ཐོག

རྒྱ་ནག་གཞུང་གིས་བོད་ཐེ་བའི་འཛམ་གླིང་ཡུལ་གྲུ་གང་སར་ཆུ་མཚོད་གསར་རྒྱག་ལས་གཞིར་མ་འཛུགས་ཤུགས་ཆེ་བྱེད་བཞིན་ཡོད་པ་དང་། བྱེད་ལས་དེའི་ཉེར་ལེན་ལ་བརྟེན་ནས་འཛམ་བུ་གླིང་གི་ཁོར་ཡུག་སྤྱི་དང་། ལྷག་པར་གོ་ལའི་གནམ་གཤིས་འགྱུར་ལྡོག་ལ་ཤུགས་རྐྱེན་ཆེན་པོ་སྤྲོད་ངེས་པས་འཛམ་གླིང་མི་མང་ཚང་མས་མཉམ་རུབ་ཀྱིས་རྒྱ་གཞུང་གི་ལས་གཞི་དེར་གདོང་ལེན་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་གནང་བ་མ་ཟད།

ལྷག་པར་དུ་རྒྱ་ནག་གཞུང་གིས་བོད་མཐོ་སྒང་ནས་ཐོན་བཞིན་པའི་གཙང་ཆུ་རྣམས་ལ་ཆུ་མཛོད་མང་པོ་ཞིག་བརྒྱབ་སྟེ་ཆུའི་བཞུར་རྒྱུན་ལ་འགྱུར་བ་བཏང་བ་ལ་བརྟེན་ནས་བོད་མི་ཙམ་མ་ཡིན་པར་བོད་ཀྱི་ཆུ་བོའི་རྒྱུན་ལ་བརྟེན་མཁན་མི་མང་འབུམ་ཕྲག་མང་པོའི་འཚོ་བར་དོ་ཕོག་འགྲོ་གི་ཡོད་པ་གསལ་སྟོན་དང་འབྲེལ། ཉེ་ཆར་བོད་ཁམས་སྡེ་དགེ་ཁུལ་དུ་རྒྱ་གཞུང་གིས་ཆུ་མཛོད་གསར་རྒྱག་གི་ལས་གཞི་སྤེལ་ཏེ་ཁུལ་དེར་གནས་སྡོད་བོད་མི་རྣམས་བཙན་གྱིས་གནས་སྤོ་རུ་བཅུག་པ་མ་ཟད། ས་གནས་ཀྱི་དགོན་སྡེ་རྙིང་གྲས་ཁག་ཅིག་ཀྱང་གཏོར་བཤིག་གཏོང་འཆར་ལ་ས་གནས་བོད་མི་རྣམས་ནས་ངོ་རྒོལ་ཞུ་འབོད་གནང་སྐབས། རྒྱ་གཞུང་གིས་བོད་མི་མང་པོ་ཞིག་ཉེས་མེད་འཛིན་བཟུང་བྱས་ཡོད་པ་ནི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བ་ཆགས་ཡོད་པ་སོགས་དང་། རྒྱ་གཞུང་གི་ཆུ་མཛོད་ཀྱི་ལས་གཞི་དག་གིས་བོད་ཀྱི་ཁོར་ཡུག་ལ་གནོན་སྐྱོན་ཚབས་ཆེན་གཏོང་བཞིན་པའི་སྐོར་གྱིས་མཚོན། བགྲོ་གླེང་གྲུབ་མཚམས་གསུང་བཤད་གནང་མཁན་ཐུན་མོང་གིས་དོན་ཚན་བཅུ་ཅན་གྱི་ཞུ་འབོད་གཅིག་འགྲེམས་སྤེལ་གནང་ཡོད་པ་དང་། དེ་ནི་རྒྱ་གཞུང་དང་རྒྱལ་སྤྱིས་དོ་སྣང་ཡོང་བའི་ཆེད་དུ་ཡིན་པར་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གསར་འགོད་པར་འགྲེལ་བརྗོད་གནང་།
ཞུ་འབོད་དེའི་ནང་དུ།

རྒྱ་ནག་གཞུང་ནས་ས་གནས་མི་མང་གི་ཆོག་མཆན་མེད་པར་ཆུ་མཛོད་རྒྱག་མཚམས་འཇོག་དགོས་པ་དང་། རྒྱ་གཞུང་གིས་ཁོར་ཡུག་དང་འབྲེལ་བའི་གནས་ཚུལ་ཕྱི་གསལ་ནང་གསལ་བྱེད་དགོས་པ། ཁོར་ཡུག་དང་འབྲེལ་བའི་གནད་དོན་ཐག་གཅོད་ལ་མི་མང་མཉམ་ཞུགས་བྱེད་འཇུག་དགོས་པ། ས་འགུལ་ཉེན་ཚབས་རྟོག་ཞིབ་དགོས་པ། རང་དབང་ལྡན་པའི་ཐོག་སྔོན་ཚུད་ནས་མི་མང་ལ་གནས་ཚུལ་གསལ་བཤད་ཀྱིས་ཆོག་མཆན་ཞུ་དགོས་པ། བོད་ཀྱི་ཁོར་ཡུག་ལ་དོ་ཕོག་འགྲོ་གཞིའི་ཚོང་ལས་ཁང་དང་ཚོང་འབྲེལ་གཅོད་དགོས་པ། རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཆིངས་ཡིག་ཁག་ལ་གཏན་འབེབས་ཆོག་མཆན་སྤྲོད་དགོས་པ། བོད་ཀྱི་སྣོད་བཅུད་རྟེན་འབྲེལ་གྱི་གལ་གནད་ངོས་འཛིན་དགོས་པ། བོད་ནང་རྒྱ་གཞུང་གི་མི་སེར་སྤེལ་རྒྱུའི་བྱེད་ལས་མཚམས་འཇོག་དགོས་པ། ཁོར་ཡུག་སྲུང་སྐྱོབ་ལས་འགུལ་བ་རྣམས་ལ་ཉེས་འཛུགས་བྱེད་མཚམས་འཇོག་དགོས་པ་བཅས་འཁོད་ཡོད་པ་རེད།  

གསར་འགོད་པ། བསྟན་འཛིན་ལམ་བཟང་།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||