རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་ཞིག་རྒྱ་གཞུང་གིས་བཙན་འཁྲིད་བྱས་འདུག 

བོད་ཀྱི་དུས་བབ་གསར་ཁང་གི་པར།

ཟླ་འདིའི་ཚེས་༤ ཉིན་བཙན་བྱོལ་བོད་ཀྱི་བརྒྱུད་ལམ་ཁག་གི་གནས་ཚུལ་ལྟར་ན། ཟླ་སྔོན་མའི་ཚེས་ ༢༦ ཉིན། བོད་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་པདྨ་ཞུ་བ་ཞིག་དགོན་པའི་ཉེ་འདབས་ཀྱི་དཔའ་བོའི་སྲང་ལམ་ཞེས་པ་ནས། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་ཞིག་ཕྱག་ཏུ་བཟུང་ནས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་ཡོད་འདུག་པ་དང་། སྐབས་དེར་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བཙན་འཁྲིད་བྱས་ཡོད་འདུག ཁོང་གིས་ངོ་རྒོལ་སྐད་འབོད་གནང་རྗེས་རྒྱ་གཞུང་གིས་རྔ་བ་དགོན་གྲོང་གཉིས་ལ་དམག་མི་འགྲེམ་འཇོག་གིས་དམ་དྲག་ཆེན་པོ་བྱས་ཡོད་སྐད་འདུག་པས། ངོ་རྒོལ་སྐབས་ཀྱི་འབོད་ཚིག་དང་། ནང་མིའི་གནས་སྟངས། ཁོང་གང་དུ་བཙན་ཁྲིད་བྱས་པ་སོགས་ཀྱི་ཐད་ཤེས་རྟོགས་ཡོང་གི་མེད་པ་ཡིན་འདུག

རྔ་བ་ཀིརྟི་དགོན་པའི་ཉེ་འདབས་སུ་ཡོད་པའི་དཔའ་བོའི་སྲང་ལམ་ཞེས་པ་ནི་དེ་སྔོན་ས་གནས་བོད་མི་རྣམས་ཀྱི་ཚོང་ལས་གཉེར་སའི་ས་ཚིགས་ཤིག་ཡིན་འདུག་པ་དང་། ཕྱི་ལོ་ ༢༠༠༩ ལོ་ནས་གྲྭ་བཀྲ་བྷེ་ལགས་གཙོས་པའི་བོད་མི་སེར་སྐྱ་དུ་མས་སྲང་ལམ་དེའི་ཐོག་ནས་༧གོང་ས་མཆོག་གི་སྐུ་པར་ལག་ཏུ་བཏེགས་ཏེ། རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་དང་རང་ལུས་མེར་བསྲེག་བཏང་བར་བརྟེན། བོད་པ་ཚོས་གཞུང་ལམ་དེར་དཔའ་བོའི་སྲང་ལམ་ཞེས་མིང་བཏགས་ཡོད་འདུག དགེ་འདུན་པ་པདྨ་ལགས་ནི་རྔ་བ་སོ་རུ་མ་ཡུལ་ཚོ་ནས་ཡིན་ཞིང་། ད་ལྟ་རྔ་བ་ཀིརྟི་དགོན་གྱི་བཀའ་རམས་བཅུ་པའི་འཛིན་གྲྭའི་ནང་སློབ་གཉེར་གནང་བཞིན་ཡོད་པ་དང་། ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གཉེར་ཁང་གི་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||