རྔ་བ་རྫོང་རྨེའུ་རུ་མའི་སློབ་ཆུང་བོད་ཡིག་དགེ་རྒན་ཞིག་གནས་དབྱུང་བཏང་ཡོད་འདུག 

བོད་གནས་ལྟ་ཞིབ་ཁང་གི་པར།

བོད་ནང་བོད་ཡིག་དགེ་རྒན་ཞིག་རྒྱ་ནག་གཞུང་གི་བཙན་སྐུལ་ལྟར་སློབ་ཕྲུག་ཚོ་ལ་སློབ་གསོ་རྒྱག་གི་མེད་པའི་ཉེས་མིང་འོག་སློབ་གྲྭ་ནས་གནས་དབྱུང་བཏང་ཡོད་འདུག 

ཕྱི་ཚེས་༡༧ ཉིན་བོད་གནས་ལྟ་གཞི་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདི་ལོའི་ཕྱི་ཟླ་༣ པའི་ཟླ་དཀྱིལ་ཙམ་ལ་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མའི་སློབ་ཆུང་བོད་ཡིག་དགེ་རྒན་ཞིག་ལས་གནས་ལས་གནས་དབྱུང་བཏང་ཡོད་འདུག དགེ་རྒན་དེའི་མཚན་ལ་དོན་ཡོད་ཡིན་འདུག་པ་དང་། ཁོང་གིས་འདས་པའི་ལོ་༡༥ རིང་བོད་ཡིག་སློབ་མྱོང་ཡོད་འདུག དུས་རྒྱུན་ནས་དགེ་རྒན་ཁོང་ལ་སློབ་མ་ཚོས་དགའ་གུས་ཆེན་པོ་བྱེད་ས་ཞིག་ཡིན་ཞིང་། ཕ་མ་ཚོས་ཀྱང་དགེ་རྒན་ཁོང་ལ་གུས་བཀུར་ཆེན་པོ་བྱེད་ཀྱི་ཡོད་འདུག་ཀྱང་། ཉིན་ཞིག་རྒྱ་གཞུང་ནས་ཁོང་ལས་ཁུངས་སུ་སྐད་བཏང་ནས་རྒྱལ་ཁབ་ཀྱི་གཏན་འབེབས་སློབ་གསོ་ལྟར་སློབ་མ་ཚོར་སློབ་གསོ་རྒྱག་དགོས་པའི་ཉེས་བརྡ་བཏང་ཡོད་འདུག རྔ་བ་རྫོང་རྨེའུ་རུ་མའི་སློབ་ཆུང་དེའི་ནང་ཕྱི་ལོ་༢༠༡༨ བར་སློབ་ཚན་རྣམས་བོད་ཡིག་ནང་སློབ་ཀྱི་ཡོད་འདུག་ཀྱང་ཕྱིས་སུ་རྒྱ་ཡིག་ནང་སློབ་བཅུག་ཡོད་འདུག ད་ཆར་དྲྭ་ཐོག་ཏུ་བརྙན་འགའ་ཁྱབ་བཞིན་འདུག་པས། བརྙན་དེ་དག་གི་ནང་དགེ་རྒན་ཁོང་སློབ་གྲྭའི་རྒྱ་སྒོ་ནས་ཕྱིར་ཐོན་བཞིན་པའི་སྐབས་སུ། ཁོང་གི་སློབ་མ་ཚོས་གཡས་གཡོན་ནས་འཐམས་པ་སོགས་བྱས་ནས་དགེ་རྒན་ཁོང་སློབ་གྲྭ་ནས་ཁ་གྱེས་པར་སྐྱོ་སྣང་ཆེན་པོ་བྱེད་བཞིན་པའི་སྣང་བརྙན་དེ་འདྲ་མཐོང་རྒྱུ་འདུག བོད་ནང་རྒྱ་ནག་གཞུང་གིས་སློབ་གྲྭ་མང་པོ་ཞིག་ནང་བོད་ཡིག་མེད་པ་བཟོ་བཞིན་ཡོད་འདུག་ལ། དེ་བཞིན་བོད་པའི་རིག་གཞུང་དང་སྐད་ཡིག་སོགས་ལ་དུང་ཞེན་ཡོད་པའི་བོད་ཡིག་དགེ་རྒན་མང་པོ་ཞིག་ཉེས་པ་འདྲ་མིན་བཙུགས་ནས་སློབ་གྲྭའི་ནས་གནས་དབྱུང་གཏོང་གི་ཡོད་འདུག དགེ་རྒན་དོན་ཡོད་ལགས་ནི་རྨེའུ་རུ་མའི་རུ་ཆེན་བཞི་པ་ནས་ཡིན་འདུག་ལ། ཁོང་གིས་དུས་རྒྱུན་བོད་སྐད་ཡིག་དང་བོད་ཀྱི་ལོ་རྒྱུས་སོགས་སློབ་འཁྲིད་གནང་གི་ཡོད་པར་བརྟེན། ས་གནས་སྲིད་གཞུང་གི་མགོ་འཁྲིད་ཚོས་ཁོང་ཡང་ནས་ཡང་དུ་སྐད་བཏང་སྟེ་ཉེན་བརྡ་བཏང་མཐར་ལས་གནས་ནས་གནས་དབྱུང་བཏང་ཡོད་འདུག

གསར་འགོད་པ། བསོད་ནམས་ཕུན་ཚོགས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||