ལྕམ་སྐུ་ནན་སི་པི་ལའོ་སི་ལ་ཨ་རིའི་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་བཞེས་པར་བོད་མིའི་སྒྲིག་འཛུགས་ནས་འཚམས་འདྲི་ཞུས།

རྟགས་ཉེ་ཆར་དུས་ཡུན་རིང་པོར་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལའོ་སི་ལ་ཨ་རིའི་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་ཞེས་པའི་ཨ་རིའི་ཆེས་མཐོའི་མི་སེར་གཟེངས་རྟགས་དེ་ཕུལ་ཡོད་པར་བརྟེན། བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་ལ་འཚམས་འདྲི་ཞུས་འདུག 

དེ་ཡང་ཕྱི་ལོ་ ༢༠༢༤ ཟླ་བ་ ༥ ཚེས་ ༣ ཉིན་ཨ་རིའི་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་དེ་གལ་ཆེའི་མི་སྣ་ ༡༩ ལ་ཕུལ་ཡོད་འདུག་པ་དང་། དེའི་ནང་ནས་གཅིག་བོད་དོན་རྒྱབ་སྐྱོར་བ་ལྕམ་ནན་སི་པི་ལའོ་སི་ཡིན་འདུག སྐབས་དེར་སྲིད་འཛིན་ Biden གྱིས་ཁོང་གི་རང་གཤིས་དང་ཡོན་ཏན་ལ་བསྔགས་བརྗོད་དང་འབྲེལ། ཁོང་ལ་ཨ་རིའི་ལོ་རྒྱུས་ནང་ཆེས་རླབས་ཆེན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་ཡིན་པའི་ངོས་འཛིན་དང་ཆེ་བསྟོད་དང་། ལོ་རབས་མང་པོའི་རིང་ལ་མང་གཙོའི་གྲོས་གཞི་དང་མང་གཙོའི་དགོས་གལ་གྱི་སྒྲོམ་གཞི་ལ་རླབས་ཆེན་གྱི་ཕྱག་ལས་གནང་ཡོད་པ་མ་ཟད། ཁོང་ནི་ལྷག་བསམ་གཡོ་བ་མེད་པར་མང་གཙོ་སྲུང་སྐྱོབ་གནང་མཁན་ཞིག་ཡིན་པར་ངོས་འཛིན་གནང་ཐོག ཨ་རིའི་ལོ་རྒྱུས་ནང་ཆེས་རླབས་ཆེན་གྱི་གྲོས་ཚོགས་ཀྱི་ཚོགས་གཙོ་ཞིག་ཏུ་དྲན་གསོ་བྱ་རྒྱུ་ཡིན་པར་བརྗོད་ཡོད་འདུག དེ་བཞིན་ཁོང་མོ་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཐུགས་ཐག་ཉེ་ཞིང་བོད་དོན་རྒྱབ་སྐྱོར་ཡུན་རིང་གནང་མཁན་ཞིག་ཡིན་པར་བརྟེན། ཕྱི་ཚེས་ ༠༣ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས་སྤྱི་ཚོགས་དྲ་ལམ་ ནས་ཁོང་མོར་ཨ་རིའི་མི་སེར་གཟེངས་རྟགས་མཐོ་ཤོས་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་ཐོབ་པར་བོད་མིའི་སྒྲིག་འཛུགས་ནས་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་འཚམས་འདྲི་ཞུས་འདུག ཨ་རིའི་སྲིད་འཛིན་གྱི་རང་དབང་གཟེངས་རྟགས་ནི། ཕྱི་ལོ་ ༡༩༦༣ ལོར་སྐབས་དེའི་ཨ་རིའི་སྲིད་འཛིན་ Jhon F. Kennedy གྱིས་གསར་འཛུགས་གནང་ཞིང་།  ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་དང་འདྲ་བའི་སྤྱི་དམངས་ཀྱི་གཟེངས་རྟགས་མཐོ་ཤོས་ཤིག་དང་། ཤེས་ཡོན་དང་སྤྱི་ཚོགས་བདེ་དོན། འཛམ་གླིང་ཞི་བདེ་སོགས་ཀྱི་ཐོག་ལ་རླབས་ཆེན་གྱི་བྱས་རྗེས་འཇོག་མཁན་དག་ལ་འབུལ་སྲོལ་ཡོད་འདུག



གསར་འགོད་པ། བསྟན་འཛིན་ལམ་བཟང་། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||