སྤྱང་ཀིས་ལུ་གུ་ལ་སྙིང་རྗེ་མི་བྱེད།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༨༨)

བོད་མི་ཁག་ཅིག་གིས་རྒྱ་དམར་གཞུང་ལ་དགྲ་བོ་ལབ་ན་མི་འགྲིག་པ་མ་ཟད། སྐབས་རེ་ལབ་མི་ཆོག་པའི་ལྟ་ཚུལ་བརྗོད་པའང་ཐོས་རྒྱུ་ཡོད། གསུམ་བཅུའི་དུས་དྲན་གྱི་སྐབས་སུ་རྒྱ་དམར་གཞུང་དམངས་གཉིས་ལ་ངོ་རྒོལ་བྱེད་སྐབས་ཀྱང་། བོད་རང་བཙན་གཙང་མ་ཡིན། རྒྱ་མི་བོད་ནས་མཐར་སྐྲོད་གཏོང་། ཞེས་སྐད་འབོད་བརྒྱབ་ན་མི་འགྲིག་པར། བྱང་ཆུབ་སེམས་མཆོག་བསྐྱོར་ནས་གོམ་བགྲོད་བྱེད་དགོས་པ་གཞུང་འབྲེལ་གྱིས་བསྒྲགས་ནས། ད་བར་མི་ལོ་ཉི་ཤུ་ལྷག་གི་རིང་སྤྱི་ཚོགས་ནང་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། རྒྱ་གཞུང་གི་དཔོན་རིགས་རྣམས་ལ་ཁ་ངན་ཚིག་ངན་བརྗོད་ན་མི་འགྲིག་པ་དང་། ལྷག་པར་དུ་ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱ་གཞུང་གི་དཔོན་རིགས་སླེབས་ཚེ་ངོ་རྒོལ་སྐད་འབོད་བྱེད་མི་འོས་པའི་བསྒྲགས་གཏམ་ཡང་སྤེལ་སོང་། ཕྱི་ལོ་༢༠༠༢ ཙམ་ནས་རྒྱ་དམར་གཞུང་དང་འབྲེལ་བ་ཡིན་ལ་མིན་ལ་ཞིག་བཙུགས་ནས། ཕྱི་ལོ་༢༠༠༨ ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་མ་ཚར་བར་མུ་མཐུད་བོད་རྒྱའི་དབར་འབྲེལ་བ་ཅུང་ཙམ་ཡོད་པའི་བཟོ་ལྟ་བསྟན་པ་རེད།

ཨོ་རྩལ་འགྲན་ཚོགས་ཚར་རྗེས་བོད་རྒྱའི་འབྲེལ་བ་དེ་ཡང་ཆད་ཅིང་། བཙན་བྱོལ་བོད་མིའི་ཉམ་ཆུང་ཚུལ་མཐུན་ནམ། ཁ་འཇམ་པོས་རྒྱ་གཞུང་ལ་འབོད་སྐུལ་བྱས་པར་དོ་སྣང་བྱས་མ་སོང་ལ། ང་ཚོས་སྨོན་ལམ་བཏབ་པ་ལྟར་རྒྱ་དམར་གཞུང་གི་དཔོན་རིགས་དང་མི་མང་གི་སེམས་ནང་དུ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ཡང་སྐྱེས་ཡོད་པའི་བཟོ་ལྟ་གཏན་ནས་མི་འདུག དོན་དངོས་སུ་ང་ཚོ་བོད་མི་རྣམས་ཀྱིས་དུས་རྒྱུན་སོ་ཐར་གྱི་སྡོམ་པ་ཞུས། བྱང་ཆུབ་ཀྱི་སེམས་སྦྱངས། གསང་སྔགས་ཀྱི་དབང་ཞུས་ཀྱང་ནང་ཁུལ་དུ་ཁོང་ཁྲོ་ཆེན་པོས་ཁ་རྡུང་གཏོང་རེས་བྱས་པ་རེ་མཐོང་ཡོང་དུས། བྱང་ཆུབ་སེམས་ཀྱི་བག་ཆགས་ཙམ་ཡང་འཇོག་མ་མྱོང་མཁན་དག་དང་གཅིག་པ་རེད་སྙམ་པ་ལྟ་བུ་ལས་དམིགས་བསལ་སྙིང་རྗེ་དང་བཟོད་སྒོམ་ཅན་ཞིག་ཡིན་པའི་བཟོ་ལྟ་གང་ཡང་མཐོང་རྒྱུ་མི་འདུག་པས། ང་ཚོས་བྱང་ཆུབ་སེམས་མཆོག་བསྐྱོར་ནས་ཆོས་མེད་ཀླ་ཀློའི་སྲིད་གཞུང་གི་དཔོན་རིགས་རྣམས་ལ་བྱང་ཆུབ་སེམས་མཆོག་སྐྱེ་ཐུབ་པའི་རེ་བ་བརྒྱབ་པ་ནི་རྒྱུ་མེད་འབྲས་བུ་ལ་རེ་བ་ཉག་གཅིག་ཏུ་གྱུར་ཡོད།

རྒྱ་མི་ནི་རྣམ་རིག་གྲུང་པོ་དང་། ལས་ལ་བརྩོན་པ། མ་རབས་ཚ་པོ། ཁྲེལ་ངོ་ཚ་བྲལ་བ། བྱམས་སྙིང་རྗེའི་བག་ཆགས་ཆུང་བའི་མི་རིགས་ཤིག་ཡིན་པས། བོད་པས་བསྟུན་མཁས་དང་ཡ་རབས་མདོག་གི་རྣམ་འགྱུར་ཅི་ཙམ་བསྟན་ཡང་དེ་ཙམ་གྱིས་སེམས་འགུག་ཐུབ་པ་ཞིག་མིན་ལ། ལྷག་པར་དུ་མི་རིགས་རིང་ལུགས་དང་རྒྱལ་ཞེན་གྱིས་ཕྱི་ནང་གཉིས་ཀ་ཚོས་ཟིན་པའི་རྒྱ་མི་རིགས་ནི། ང་ཚོས་གོམ་བགྲོད་སྐབས་བྱང་ཆུབ་སེམས་མཆོག་བསྐྱོར་ནས་སེམས་པ་སྒྱུར་ཐུབ་པ་ཞིག་མ་རེད་ལ། བོད་པའི་བླ་མ་ཚོས་ཆོས་བཤད་ནས་ཀྱང་རྒྱ་མི་རྣམས་ཀྱིས་བོད་ཀྱི་དྲང་བདེན་གྱི་གནད་དོན་ལ་རྒྱབ་སྐྱོར་བྱེད་མཁན་རག་གི་མེད་པ་མ་ཟད། བར་ལམ་ཞིག་ནས་བོད་པའི་བླ་མ་རྣམས་ཀྱང་རྒྱ་མི་ཁོ་ན་ལ་བསྟུན་མཁས་ཀྱིས་བོད་ཀྱི་ཛ་དྲག་གནས་སྟངས་དང་། དྲང་བདེན་གྱི་འཐབ་རྩོད་དང་ཁ་ཐག་རིང་དུ་འགྲོ་བཞིན་ཡོད་པས། ཕར་ལ་ཤུགས་རྐྱེན་ཐེབས་རྒྱུའི་ཚབ་ཏུ་ཚུར་ལ་གནོན་ཤུགས་སླེབས་ཡོད་པ་གསལ་པོ་མཐོང་རྒྱུ་ཡོད་པས་བོད་པའི་རེ་བ་དེ་ལའང་གྲུབ་འབྲས་ཡོང་རེ་གང་ཡང་མ་མཆིས།

བོད་མི་ཁག་ཅིག་གིས་རྒྱ་གཞུང་མ་རབས་ཐ་ཤལ་ཡིན་པ་ལས། མི་མང་ཡག་པོ་ཡིན་ཚུལ་བཤད་ནའང་། དེ་ནི་རྒྱ་མི་གྲངས་ཀ་མང་བས་ཆབ་སྲིད་ཀྱི་དམིགས་ཡུལ་ཐོག་ནས་བཤད་བཞག་པ་ཙམ་ལས། དོན་དངོས་སུ་རྒྱ་གཞུང་དང་རྒྱ་མི་རིགས་ཀྱི་དབྱེ་བ་མེད་པར་བོད་རྒྱ་ཐ་དད་ཡིན་པ་དང་། མ་འོངས་པར་ཡང་ཐ་དད་དུ་གནས་རྒྱུའི་བསམ་བློ་བཏང་ན་རྒྱ་མི་ལ་གནོད་སྐྱོན་ཡོད་པའི་བསམ་བློ་གཏོང་མཁན་ཙམ་ལས་དྲང་བདེན་གྱི་རྒྱབ་སྐྱོར་བྱེད་མཁན་ཧ་ལམ་མེད། བོད་པའི་བླ་མ་རྣམས་ལ་འབུལ་བ་རྒྱ་ཆེན་པོ་ཕུལ་ཡང་། རྒྱ་མིའི་བསམ་བློའི་ནང་བོད་པ་རྒྱུ་ལ་དགའ་བ་དང་བླ་མ་ཤུགས་རྐྱེན་ཆེ་བས་རྒྱུ་ནོར་ལ་བརྟེན་ནས་བོད་པའི་བློ་ཁ་རྒྱ་ཕྱོགས་སུ་འགུག་ཐུབ་པའི་རེ་བ་རྒྱག་གི་ཡོད། འདས་པའི་ལོ་རྒྱུས་ནང་དུའང་བླ་ཆེན་མང་པོར་ཆོ་ལོ་རྫུན་མ་དང་རྒྱུ་ནོར་མང་པོ་ཕུལ་བས་ད་ལྟ་བོད་ཀྱི་ལོ་རྒྱུས་རབ་རིབ་ཏུ་བསྒྱུར་ཡོད་པས། བླ་ཆེན་བླ་ཆུང་ག་འདྲ་ཞིག་ཡིན་ཡང་གནད་དོན་འདིའི་ཐོག་ལ་བསམ་བློ་གཏོང་དགོས་པ་དེའང་ལས་དབང་གིས་བསྐུར་བའི་འགན་འཁྲི་ཉག་གཅིག་ཏུ་གྱུར་ཡོད།

མདོར་ན་ད་ལྟའི་ཆར་བོད་པས་རྒྱ་དམར་གཞུང་ལ་ངོ་དགའ་སྤྲེལ་ལད་འཁྲབ་ནས་ཞི་མོལ་ལ་རེ་བ་རྒྱག་པ་ནི། བོད་མི་ཡོངས་ཀྱི་བདེ་སྡུག་ཐག་གཅོད་ཐུབ་པའི་ཐབས་ལམ་ཞིག་གཏན་ནས་མིན་པར། རྒྱ་གཞུང་ལ་བཟང་ཕྱོགས་ཁོ་ནས་རེ་བ་བརྒྱབ་པ་ནི་སྤྱང་ཀིས་ལུ་གུ་ལ་སྙིང་རྗེ་བསྒོམ་རྒྱུའི་རེ་བ་བརྒྱབ་པ་དང་གཅིག་མཚུངས་སུ་གྱུར་ཡོད། མ་འོངས་པར་རྒྱ་གཞུང་གི་ཆབ་སྲིད་གནས་སྟངས་དང་ཕྱིའི་གནོན་ཤུགས་ལ་བརྟེན་ནས་བོད་རྒྱ་ཞི་མོལ་གྱི་བཟོ་ལྟ་ཞིག་སྟོན་པའི་དབང་དུ་བཏང་ན། གྲུབ་འབྲས་བཟང་ཤོས་ནི་ཁྱིམ་ཚང་སྒེར་དང་མི་སྒེར་ཁ་ཤས་ལ་རྒྱ་གཞུང་གི་གོ་གནས་དང་དཔལ་འབྱོར་གྱི་ཁེ་ཕན་ཙམ་ལས་བོད་མི་ཡོངས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་ཞིག་གཏན་ནས་རེད་མི་འདུག དེ་ནི་དུས་རྒྱུན་རྒྱ་གཞུང་གིས་ཤོད་བཞིན་པའི་སྐད་ཆ་ཞིག་ཡིན་པ་ལས། ཚོད་དཔག་དང་འོལ་ཚོད་ཀྱིས་བཤད་པ་ཞིག་གཏན་ནས་མ་རེད། དེར་བརྟེན་བོད་རྒྱལ་ཁབ་ཀྱི་བདག་དབང་སླར་གསོའི་ཆེད་མི་རབས་མང་པོར་འཐབ་རྩོད་དགོས་ཀྱང་བྱེད་ཐུབ་པའི་གྲ་སྒྲིག་ཅིག་ངེས་པར་དུ་དགོས།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||