སྨན་རིའི་སྒྲུབ་ཆེན་དང་ཞང་བོད་རིག་གནས་བགྲོ་གླེང་།


གཡུང་དྲུང་བོན་གྱི་དྲྭ་ཚིགས་ཀྱི་པར།


རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཞེས་པ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དུས་ཡུན་ཉིན་གཉིས་ཀྱི་རིང་དུ་སྨན་རིའི་སྒྲུབ་ཆེན་དང་སྟབས་བསྟུན་ཏེ་འཚོགས་འདུག 

ཕྱི་ཟླ་༤ ཚེས་༡༡ ནས་དབུ་བཙུགས་ཏེ་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་སྨན་རིའི་གླིང་གི་སྒྲུབ་ཆེན་འཚོག་བཞིན་ཡོད་པ་དང་། སྒྲུབ་ཆེན་དབུ་འཛུགས་ཀྱི་མཛད་སྒོའི་སྐབས་སྐུ་མགྲོན་གཙོ་བོ་ཧི་མ་ཅལ་མངའ་སྡེའི་ཁྲལ་འབབ་དང་རྩི་ཤིང་རིག་པའི་བློན་ཆེན་དང་དམིགས་བསལ་སྐུ་མགྲོན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཅས་ཕེབས་ཡོད་འདུག ༸སྐྱབས་རྗེ་རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པ་རིན་པོ་ཆེ་མཆོག་གི་བཀའ་མངགས་དང་དགོངས་པ་ལྟར་གཡུང་དྲུང་བོན་གྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག སྨན་རིའི་སྒྲུབ་ཆེན་དང་བསྟུན་ཏེ་རྒྱལ་སྤྱིའི་ཞང་བོད་རིག་གནས་བགྲོ་གླེང་ཞེས་པ་ཞིག་འཚོགས་གནང་འདུག བགྲོ་གླེང་འདིར་གཏམ་བཤད་གནང་མཁན་རྒྱལ་སྤྱིའི་བོད་རིག་པའི་མཁས་པ་གྲངས་༡༣ དང་། གཞན་ཡང་འཛམ་གླིང་ཡུལ་གྲུ་གང་སར་ནས་ཞིབ་འཇུག་པ་དང་སློབ་གཉེར་བ་སོགས་གྲངས་ ༡༥༠ ཙམ་ཞིག་ཟུར་ཉན་དུ་ཕེབས་ཡོད་འདུག བགྲོ་གླེང་ཉིན་གཉིས་ཀྱི་རིང་གི་དངོས་གཞིའི་བགྲོ་གླེང་གི་སྐབས་སུ་གཏམ་བཤད་པ་རྣམས་ཀྱིས་ཏུན་ཧོང་ཡིག་རྙིང་ལས་བོན་པོ་ཞིབ་འཇུག་གི་གནས་བབ། ཏུན་ཧོང་ཤོག་དྲིལ་ལས་ཞང་བོད་ལོ་རྒྱུས། བོད་ཀྱི་བོན་པོའི་སྤྱི་ཚོགས་དང་བོན་གྱི་ས་ཚིགས། ཞང་ཞུང་དང་གུ་གེའི་སྐོར་དཔྱད་པ། བེ་རི་རྒྱལ་པོ་དང་གཡུང་དྲུང་བོན་གྱི་འབྲེལ་བའི་སྐོར། གློ་བོའི་ཡུལ་གྱི་བོན་པོའི་བྱུང་རབས་དང་ད་ལྟའི་གནས་བབ་བཅས་ཀྱི་ཐོག་ལ་དཔྱད་གཏམ་དང་བགྲོ་གླེང་། དེ་བཞིན་དྲི་བ་དྲི་ལན་བཅས་གནང་ཡོད་འདུག དེ་རྗེས་༸སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་རྣམ་གཉིས་མཇུག་སྡོམ་མཛད་སྒོའི་ཚོགས་མགོན་དུ་བཞུགས་ཏེ་བཀའ་སློབ་གནང་བ་སོགས་གནང་མཐར་ཐེངས་འདིའི་བགྲོ་གླེང་ལེགས་པར་གྲུབ་ཡོད་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||