ཧྤིན་ལན་ཌ་བྱང་ཆིངས་རྩ་འཛུགས་ནང་ཞུགས་རྒྱུའི་གསལ་བསྒྲགས།

ཟླ་འདིའི་ཚེས་༡༥ ཉིན་ཧིན་དུ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧྥིན་ལན་ཌ་རྒྱལ་ཁབ་ནི་ཨུ་རུ་སུའི་ཁྱིམ་མཚེས་ཀྱི་རྒྱལ་ཁབ་གཅིག་ཡིན་པ་དང་། རྒྱལ་ཁབ་དེ་གཉིས་ཀྱི་བར་དུ་སྤྱི་ལེ་༡༣༠༠ ཡི་ས་མཚམས་ཀྱི་འབྲེལ་བ་ཡོད་འདུག  

ཧྤིན་ལན་ཌ་ནི་འདས་པའི་དུས་རབས་གཅིག་ལྷག་གི་རིང་མོ་སི་ཁའོ་(Moscow) ཡི་མངའ་འོག་ཏུ་བསྡད་ནས་མཐར་ཕྱི་ལོ་༡༩༡༧ ལོ་རང་བཙན་གྱི་རྒྱལ་ཁབ་གཅིག་ཏུ་འགྱུར་ཡོད་པ་དང་། དུས་དེ་ནས་ད་ལྟའི་བར་དུ་དམག་དོན་གྱི་མནའ་འབྲེལ་གང་དུ་ཡང་མཉམ་ཞུགས་མ་བྱས་པར་བསྡད་ཡོད་ལ། ལྷག་པར་དུ་ཤར་ཕྱོགས་ཁྱིམ་མཚེས་རྒྱལ་ཁབ་དག་དང་རྒྱབ་འགལ་མི་འགྲོ་བའི་དོན་དུ་བྱང་ཆིངས་རྩ་འཛུགས་ནང་དུ་མཉམ་ཞུབས་མ་བྱས་པར་བར་གནས་ཀྱི་རྒྱལ་ཁབ་ཅིག་གི་ངོ་བོའི་ཐོག་ནས་བསྡད་ཡོད་མོད་ཀྱང་། ཟླ་འདིའི་ཚེས་༡༥ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཧྤིན་ལན་ཌའི་སྲིད་འཛིན་ནི་ནི་སི་ཊོ་(Sauli Niinisto) ཡིས་ཧྥིན་ལན་ཌ་ནི་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་ཞུགས་བྱེད་རྒྱུའི་འདོད་པ་ཡོད་པ་གསལ་བསྒྲགས་བྱས་འདུག ཡིན་ན་ཡང་། མཐའ་མའི་ཐག་གཅོད་ནི་གྲོས་ཚོགས་ཀྱི་བྱེད་ཀྱི་ཡོད་པ་རེད།

གལ་སྲིད་ཧྥིན་ལན་ཌ་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་ཞུགས་བྱས་ཚེ། བྱང་ཆིངས་རྩ་འཛུགས་དང་ཨུ་རུ་སུའི་བར་གྱི་ས་མཚམས་ཀྱི་རིང་ཐུང་དེ་ལྡབ་གཅིག་འཕར་རྒྱུ་དང་། དེ་ནི་ཨུ་རུ་སུ་ལ་མཚོན་ན་བདེ་འཇགས་ཀྱི་ཁྲོད་དུ་ཉེན་ཁ་ཇེ་ཆེ་རུ་འགྲོ་བཞིན་ཡོད་པའི་གནས་ཚུལ་འདུག

གཞན་ཡང་། ཟླ་འདིའི་ཚེས་༡༥ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་ལྟར་ན། ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་སི་ཝེས་ཌན་གྱིས་ཀྱང་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་ཞུགས་བྱེད་རྒྱུའི་གསལ་བསྒྲགས་བསྐྱངས་ཡོད་འདུག སི་ཝེས་ཌན་རྒྱལ་ཁབ་ཀྱིས་དམག་གི་མནའ་འབྲེལ་(military alliance) ནང་དུ་མཉམ་ཞུགས་མ་བྱས་ནས་ད་བར་མི་ལོ་༢༠༠ ཕྱིན་ཡོད་པ་དང་། ཐ་ན་དམག་ཆེན་དང་པོ་དང་དམག་ཆེན་གཉིས་པའི་སྐབས་སུ་ཡང་དམག་འཁྲུག་གི་ནང་དུ་མཉམ་ཞུགས་མ་བྱས་པར་བར་གནས་བྱས་ནས་བསྡད་ཡོད་འདུག

ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་རྗེས་སུ་རྒྱལ་ཁབ་དེ་གཉིས་ཀྱི་བདེ་འཇགས་ལ་ཉེན་ཁ་ཡོད་པ་མཐོང་ནས་མང་ཚོགས་ཀྱིས་ཀྱང་བྱང་ཆུངས་རྩ་འཛུགས་ཀྱི་ནང་དུ་ཡང་མཉམ་ཞུགས་བྱེད་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག་ལ། བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་འཛུལ་དགོས་དོན་ཡང་གཙོ་བོ་མི་མང་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་དོན་དུ་ཡིན་པ་འགྲེལ་བརྗོད་བྱེད་བཞིན་འདུག

འོན་ཀྱང་། ཨུ་རུ་སུའི་སྲིད་འཛིན་གྱིས་རྒྱལ་ཁབ་དེ་གཉིས་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་མཉམ་ཞུགས་བྱེད་པ་དེ་ནི་ནོར་འཁྲུལ་ཡིན་པ་དང་། ཨུ་རུ་སུས་ཡུག་རེན་ལ་དམག་བརྒྱབ་དགོས་དོན་གཅིག་ནི་ཡུག་རེན་གྱིས་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་འཛུལ་ཐབས་བྱེད་ཀྱི་ཡོད་པའི་དབང་གིས་ཡིན་རབས་བརྗོད་འདུག

ད་ལྟའི་ཆར་བྱང་ཆིངས་རྩ་འཛུགས་ལ་ཚོགས་མི་རྒྱལ་ཁབ་༣༠ ཡོད་པ་དང་། བྱང་ཆིངས་རྩ་འཛུགས་ཀྱི་རྒྱ་བསྐྱེད་ནི་ཨུ་རུ་སུའི་བདེ་འཇགས་ལ་ཉེན་ཁ་འཕྲད་ཀྱི་ཡོད་པར་བརྟེན། ཨུ་རུ་སུས་ཡུག་རེན་བྱང་ཆིངས་རྩ་འཛུགས་སུ་འཛུལ་ཞུགས་བྱེད་རྒྱུ་ལ་བཀག་འགོག་བྱེད་ཀྱི་ཡོད་ཀྱང་། ད་ལྟའི་ཆར་ཕྱོགས་གཉིས་ཀྱི་དམག་འཁྲུག་ལ་རྒྱལ་ཕམ་གྱི་ཐག་གཅོད་བྱུང་མེད་པའི་ཐོག་ཧྥིན་ལན་ཌ་དང་། སི་ཝེས་ཌན་གྱི་རྒྱལ་ཁབ་གཉིས་ཀྱིས་ཀྱང་བྱང་ཆིངས་རྩ་འཛུགས་ཀྱི་ནང་དུ་འཛུལ་ཞུགས་བྱེད་རྒྱུའི་གསལ་བསྒྲགས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ་བློ་བཟང་རྒྱ་མཚོ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||