ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ཕེབས་རྒྱུ་ཕྱིར་འཐེན་བྱས་འདུག

ཟླ་འདིའི་ཚེས་༤ ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་གཞུང་གིས་ཨ་རིའི་མཁའ་དབྱིངས་སུ་གསང་ལྟའི་ལྒང་བུ་ཞིག་བཏང་བ་ནི་ཁས་ལེན་བྱེད་ཐབས་བྲལ་བ་ཞིག་རེད་ཅེས་བརྗོད་ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་འཚམས་གཟིགས་ཕེབས་འཆར་ཡོད་པ་དེ་ཉིད་གློ་བུར་དུ་ཕྱིར་འཐེན་བྱས་འདུག

རྒྱ་ནག་གིས་ཨ་རིའི་མོན་ཊ་ན་(Montana) མངའ་སྡེའི་མཁའ་དབྱིངས་སུ་ལྒང་བུ་ཞིག་བཏང་བ་དང་ཨ་རིའི་རྒྱལ་སྲུང་ལྷན་ཁང་ནས་རྒྱ་ནག་གིས་མཁའ་དབྱིངས་ལྒང་བུ་ཞིག་བཏང་བ་དེ་གསང་བའི་གནས་ཚུལ་བསྡུ་རུབ་བྱེད་པའི་ཆེད་དུ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་འདུག

ཟླ་འདིའི་ཚེས་༥ ནས་ཉིན་གཉིས་རིང་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་(Antony Blinken) རྒྱ་ནག་ཏུ་ཕེབས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་དང་ལྷན་དུ་ཐེ་ཝན་གྱི་གནད་དོན་དང་། ཏོག་དབྱིབས་གཉན་རིམས་དང་འབྲེལ་བའི་གནས་ཚུལ་སོགས་ཕྱོགས་མང་པོའི་གནད་དོན་ཐོག་བཀའ་མོལ་གནང་འཆར་ཡོད་ན་ཡང་། རྒྱ་ནག་གཞུང་གིས་ཨ་རིའི་མཁའ་དབྱིངས་སུ་སྒང་བུ་བཏང་བའི་དབང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་རྒྱ་ནག་ལ་འཚམས་འདྲི་ཕེབས་འཆར་ཡོད་པ་དེ་ཕྱིར་འཐེན་བྱས་ཡོད་འདུག གལ་སྲིད་ཁོང་ཉིད་རྒྱ་ནག་ཏུ་ཕེབས་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་མ་བྱས་ཚེ། འདས་པའི་ལོ་ངོ་༥ ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཞིག་རྒྱ་ནག་ཏུ་ཕེབས་པ་ཐོག་མ་ཆགས་ཀྱི་ཡོད་འདུག

ཟླ་འདིའི་ཚེས་༣ ཉིན་རྒྱ་ནག་གཞུང་གིས་ལྒང་བུ་དེ་དམག་དོན་དང་འབྲེལ་བ་མེད་ཅིང་གནམ་གཤིས་བརྟག་དཔྱད་ཞིབ་འཇུག་དང་འབྲེལ་བ་ཡོད་པ་མ་ཟད། གནམ་གཤིས་ཡག་པོ་མེད་པའི་དབང་གིས་འཕུར་ལམ་འཆོལ་ནས་ཨ་རིའི་མཁའ་དབྱིངས་སུ་འཕུར་སྐྱོད་བྱུང་བར་བློ་ཕམ་ཡོད་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་འདུག

ཨ་རི་གཞུང་གིས་གནས་ཚུལ་འགྲེལ་བརྗོད་བྱས་གསལ་ལྟར་ན། གནམ་གྲུ་དེ་ཨ་རིའི་ནུབ་བྱང་མངའ་སྡེ་ཨ་ལ་སི་ཁ་(Alaska) དང་ཁེ་ན་ཌ་བརྒྱུད་ནས་ཨ་རིའི་མོན་ཊ་ན་མངའ་སྡེའི་ནང་དུ་འབྱོར་ཡོད་པ་དང་། ཨ་རིའི་མོན་ཊ་ན་མངའ་སྡེ་ནི་ཨ་རིའི་མེ་ཤུགས་འཕུར་མདའ་འཇོག་སའི་ས་ཁུལ་ཆེ་ཁག་གསུམ་ཡོད་པའི་ནང་གི་གཅིག་ཆགས་ཡོད་འདུག  གནད་དོན་དེ་དང་འབྲེལ་བའི་ཐོག་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་འགའ་ཡིས་རྒྱ་ནག་ཐོག་ལམ་ཕྱོགས་མཁྲེགས་པོ་འཛིན་དགོས་རབས་བརྗོད་ཡོད་པ་དང་། ལྷག་པར་དུ་ཨ་རི་སྲིད་འཛིན་ཟུར་པ་ཊོམ་གྱིས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་ལྒང་བུ་དེ་མེ་མདའ་འཕངས་ནས་གཏོར་དགོས་རབས་ཀྱང་བརྗོད་ཡོད་འདུག

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཨོ་སི་ཊོན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་ཧྥི་ལིན་ཕིན་ལ་འཚམས་འདྲི་ཕེབས་ཡོད་པའི་སྐབས་དེར་རྒྱ་ནག་གི་ལྒང་བུ་ཞིག་ཨ་རིའི་མཁའ་དབྱིངས་སུ་བཏང་བའི་གནས་ཚུལ་ཐོན་ཡོད་པ་དང་། ཁོང་གིས་འཕྲལ་དུ་དྲྭ་ལམ་ནས་ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་མཐོ་རིམ་ལས་སྣེ་ཚོར་གནད་དོན་དེའི་ཐོག་ཏུ་གྲོས་སྡུར་གནང་བར་མ་ཟད། སྲིད་འཛིན་བྷ་ཌན་ལའང་རྒྱ་ནག་གི་ལྒང་བུ་དེའི་ཉེན་ཚབས་སོགས་སྙན་སེང་ཞུས།

 འདས་པའི་ལོ་ཤས་རིང་ཨ་རི་དང་རྒྱ་ནག་གི་འབྲེལ་བ་སྡུག་ཏུ་ཕྱིན་པ་དང་རྒྱ་ནག་གིས་ཨ་རིར་འབྲེལ་བ་ཡར་རྒྱས་གཏོང་རྒྱུའི་འབོད་བརྩོན་བྱེད་བཞིན་པའི་སྐབས་སུ་རྒྱ་ནག་གི་ལྒང་བུ་ཞིག་ཨ་རིའི་མཁའ་དབྱིངས་སུ་བཏང་སྟེ་སླར་ཡང་པེ་ཅིང་དང་ཝ་ཤིང་ཊོན་གྱི་འབྲེལ་བར་འགལ་ཟླ་བསླངས། ཕྱི་སྲིད་དྲུང་ཆེ་བྷ་ལིན་ཁེན་རྒྱ་ནག་ལ་འཚམས་འདྲིར་ཕེབས་འཆར་ཡོད་པ་ཕྱིར་འཐེན་བྱ་དགོས་བྱུང་ཞིང་། ཉམས་ཞིབ་པ་ཕལ་ཆེ་བས་ལྒང་བུའི་གནས་ཚུལ་འདིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་ཡར་རྒྱས་གཏོང་རྒྱུར་འགོག་རྐྱེན་གསར་པ་ཞིག་བཟོས་པ་རེད་ཅེས་གླེང་སློང་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||