སོ་ལོ་མོན་གླིང་ཚོམ་གྱི་འོས་བསྡུ་དང་རྒྱ་ནག་གི་ཐེ་ཇུས།

ཟླ་འདིའི་ཚེས་༡༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། སོ་ལོ་མོན་གླིང་ཚོམ་གྱི་འོས་བསྡུའི་ནང་རྒྱ་ནག་གིས་ཐེ་ཇུས་བྱས་པ་དང་འོས་མི་ཚོས་ཀྱང་མཐའ་མཇུག་གི་འོས་ཤོག་ཐོབ་ཆེད་མི་མང་ལ་དངུལ་དང་འབྲས་སོགས་ལྐོག་ངན་སྤྲོད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག ཟླ་འདིའི་ཚེས་༡༧ ་ཉིན་སོ་ལོ་མོན་གླིང་ཚོམ་(Solomon Islands) ་གྱི་འོས་བསྡུ་འགོ་འཛུགས་ཀྱི་ཡོད་པ་དང་གླིང་ཕྲན་དེ་ནི་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཁྲོད་གནད་དོན་གལ་ཆེན་ཞིག་ཆགས་ཀྱི་ཡོད་པར་བརྟེན། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། ཡུལ་དེའི་འོས་བསྡུའི་ཁྲིམས་ལུགས་དམ་པོ་བཟོས་ཡོད་ན་ཡང་། འོས་ཤོག་ཉོ་ཚོང་ནི་གླིང་ཕྲན་དེའི་ནང་གི་རྒྱུན་ལྡན་གྱི་ཐབས་ཇུས་ཤིག་ཏུ་གྱུར་ཡོད་པར་བརྟེན། འོས་མི་ཚོས་མཐའ་མཇུག་གི་འོས་ཤོག་ཐོབ་ཆེད་མི་མང་ལ་དངུལ་དམར་དང་འབྲས། རྒྱ་ནག་གིས་བཟོས་པའི་ཉི་གློག་སོགས་ལྐོག་ངན་སྤྲོད་བཞིན་ཡོད་འདུག གླིང་ཚོམ་ནང་འདས་པའི་ལོ་བཅུ་ཕྲག་གི་རིང་ཚོ་ཁག་ཕན་ཚུན་འཁྲུག་འཛིང་ཤོར་བའི་དབང་གིས་ཁུལ་དེའི་རྒྱལ་ཁབ་སྐྱོ་ཤོས་དེ་ཆགས་ཀྱི་ཡོད་པ་དང་། གླིང་ཕྲན་རྒྱལ་ཁབ་དེའི་ནང་མི་འབོར་འབུམ་བདུན་ཙམ་ཡོད་པའི་ནང་ནས་མི་མང་བརྒྱ་ཆ་༨༠%  ་ནི་རྒྱལ་སའི་ཕྱི་རོལ་དུ་གནས་ཀྱི་ཡོད་པ་མ་ཟད། དེ་དག་ལས་མང་ཆེ་བ་ལ་གློག་དང་སྨན་བཅོས་ལྟ་སྐྱོང་། སློབ་གྲྭ་དང་སྐྱེལ་འདྲེན་སོགས་གཞི་རྩའི་དགོས་མཁོ་དག་ཀྱང་མེད་པར་བརྟེན། འོས་འཕེན་མཁན་ཚོས་འཕྲལ་སེལ་གྱི་དགོས་མཁོ་ཁོ་ནར་དོ་སྣང་བྱེད་ཀྱི་ཡོད་འདུག ཐེངས་འདིའི་འོས་བསྡུ་ལ་དོ་སྣང་བྱེད་དགོས་པའི་རྒྱུ་མཚན་གཞན་ཞིག་ནི་ན་ནིང་ལོར་གླིང་ཕྲན་དེ་ནུབ་ཕྱོགས་རྒྱལ་ཁབ་ཚོ་དང་ཁ་བྲལ་ནས་རྒྱ་ནག་གི་ཕྱོགས་སུ་ཕྱིན་པ་ནས་བཟུང་ཡུལ་མི་ཚོས་འོས་ཤོག་འཕེན་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག ཕྱི་ལོ་༢༠༡༧ བར་ཨོ་སི་ཁྲོ་ལི་ཡས་ཡུལ་དེར་ཞི་བདེ་སྲུང་སྐྱོབ་ཀྱི་ལས་དོན་གྱི་སྣེ་ཁྲིད་ཡོད་པ་དང་། ཨོ་སི་ཁྲོ་ལི་ཡ་ཡུལ་དེ་ནས་ཕྱིར་འཐེན་བྱས་ནས་ལོ་ངོ་གཉིས་ཀྱི་རྗེས། ཡུལ་དེའི་སྲིད་བློན་གྱིས་རྒྱ་ནག་གི་ཆེད་ལོ་ངོ་བཅུ་ཕྲག་གི་ཕྱི་འབྲེལ་ཡོད་པའི་ཐའེ་ཝན་དང་འབྲེལ་ལམ་བཅད་ཡོད་འདུག ཕྱི་ལོ་༢༠༢༢ ལོར་རྒྱ་ནག་དང་བདེ་འཇགས་ཀྱི་ཆིངས་ཡིག་ཅིག་བཞག་ཡོད་ཀྱང་། ཆིངས་ཡིག་གི་གནས་ཚུལ་ཞིབ་ཕྲ་ཡོངས་གྲགས་བྱས་མེད་པ་རེད་འདུག ཕྱོགས་གཉིས་བར་ཆིངས་ཡིག་བཞག་པ་ནས་བཟུང་རྒྱ་ནག་གིས་གླིང་ཚོམ་དེ་ལ་མ་རྩ་འཛུགས་པ་དང་རོགས་རམ་བྱས་ནས་རྩེད་ཐང་དང་གཞུང་ལམ་སོགས་ཀྱི་འཛུགས་བསྐྲུན་གྱི་ལས་གཞི་ཁག་ཅིག་འགོ་བཙུགས་ཡོད་འདུག གལ་སྲིད་ཐེངས་འདིའི་འོས་བསྡུའི་ཁྲོད་ཀྱི་རྒྱལ་ཁ་དེ་སླར་ཡང་སྲིད་བློན་སོ་ག་ཝ་རེ་(Sogavare) ་ལ་ཐོབ་ཚེ། ཁོས་རྒྱ་ནག་དང་འབྲེལ་བ་ཟབ་ཏུ་གཏོང་རྒྱུའི་ཁས་ལེན་བྱས་ཡོད་པ་དང་། ཁས་ལེན་དེས་དེ་སྔའི་རོགས་ཟླ་ཨ་རི་དང་ཨོ་སི་ཁྲོ་ལི་ཡ་གཉིས་ལ་མི་དགའ་བའི་རྣམ་འགྱུར་གསལ་བོ་བསྟན་པ་ཞིག་ཆགས་ཀྱི་ཡོད་འདུག ཕྱོགས་འགལ་ཆབ་སྲིད་ཚོགས་པས་རྒྱ་ནག་དང་ཐག་ཉེ་བོ་བྱས་པར་རྒྱབ་འགལ་བྱེད་ཀྱི་ཡོད་པ་མ་ཟད། འོས་བསྡུའི་རྒྱལ་ཁ་ཐོབ་ན་རྒྱལ་ཁབ་གཉིས་ཀྱིས་བཞག་པའི་བདེ་འཇགས་ཀྱི་ཆིངས་ཡིག་ལ་བསྐྱར་ཞིབ་བྱེད་རྒྱུ་ཡིན་ཞེས་དང་། ཁ་ཤས་ཀྱིས་དེ་སྔའི་རོགས་ཟླ་ཨ་རི་དང་ཨོ་སི་ཁྲོ་ལི་ཡ་ལྷན་དུ་མཉམ་ལས་བྱེད་རྒྱུ་ཡིན་ཞེས་བརྗོད་འདུག དེ་བཞིན་སྲིད་དོན་པ་འགའ་ཤས་ཀྱིས་རྒྱ་ནག་གིས་འོས་བསྡུ་ལ་ཐེ་ཇུས་བྱས་ཡོད་ཚུལ་བརྗོད་པ་དང་། ཉམས་ཞིབ་པ་འགའ་ཤས་ཀྱིས་རྒྱ་ནག་གཞུང་ཚབ་ཁང་གིས་འོས་བསྡུའི་ཉིན་ཁ་ཤས་སྔོན་ལ་ཡུལ་དེའི་མངའ་སྡེ་གལ་ཆེན་ཁག་ལ་ཉ་འཛིན་དྲྭ་བ་དང་གྲི། ཆུ་སྣོད་དང་ཉི་གློག་སོགས་ལག་རྟགས་སྤྲད་ཡོད་པ་བརྗོད་འདུག གླིང་ཚོམ་རྒྱལ་ཁབ་དེ་རྒྱལ་ཁབ་དབུལ་པོ་དང་ཆུང་ཆུང་ཞིག་ཡིན་ཡང་། རྒྱ་ནག་དང་ནུབ་ཕྱོགས་རྒྱལ་ཁབ་ཚོས་དོ་སྣང་ནན་མོ་བྱེད་བཞིན་ཡོད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་བོད་དོན་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་འདུག

བོད་རྒྱ་གཉིས་བར་དཀའ་རྙོག་སེལ་ཐབས་སུ་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་གིས་བོད་དོན་ཁྲིམས་འཆར་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་གནང་ཡོད་འདུག  ཕྱི་ཚེས་༡༦ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་གཞན་གསར་འགྱུར་རྒྱུད་ལམ་ཁག་ནང་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་མིག་དམར་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་སྲིད་ལས་དོན་ཚོགས་ཆུང་ནས་བོད་དོན་ཁྲིམས་འཆར་ལ་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་ཡོད་འདུག དེ་ཡང་བོད་དོན་ཁྲིམས་འཆར་དེ་ལ་ཨ་རིའི་མང་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པ་གཉིས་ཀ་ནས་རྒྱབ་སྐྱོར་ཐོབ་ཡོད་འདུག ཐེངས་འདིའི་ཁྲིམས་འཆར་(S.138 )ཟེར་བ་དེ་ཕྱི་ལོ་༢༠༠༢ ལོར་བོད་དོན་ཁྲིམས་འཆར་(Tibetan Policy act Of 2002 )ཟེར་བ་དེའི་ནང་དོན་ཁག་ཅིག་སྒྱུར་བཅོས་ཏོག་ཙམ་བཏང་ནས་(Promoting a resolution To the Tibet-China Act)བོད་རྒྱ་དཀའ་རྙོག་སེལ་ཐབས་ཀྱི་གྲོས་འཆར་གོང་འཕེལ་ཟེར་བ་དེ་ཡིན་འདུག ཁྲིམས་འཆར་དེ་ཡིས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་༧གོང་ས་ཏྭ་ལའི་བླ་མའི་སྐུ་ཚབ་བར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཞི་བའི་གྲོས་མོལ་ཀྱི་ལམ་ནས་དཀའ་རྙོག་སེལ་དགོས་པ་སྐུལ་འདེད་གནང་གི་ཡོད་འདུག ཕྱི་ལོ་༢༠༡༠ ནས་ད་ལྟ་བར་མི་ལོ་༡༤ རིང་གྲོས་མོལ་མཚམས་ཆད་པ་དེ་བསྐྱར་གསོ་ཡོང་རྒྱུའི་ཆེད་དུ་ཨ་རིའི་ཁྲིམས་ཐོག་ནས་སྐུལ་མ་གནང་ཐབས་ཤིག་ཡིན་འདུག ཁྲིམས་འཆར་གཏན་འབེབས་བྱུང་མ་ཐག་ཨ་རིའི་གྲོས་ཚོགས་གོང་མའི་མང་གཙོ་ཚོགས་པའི་འཐུས་མི་(Jeff Merkley)་ལགས་དང་། གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་(Todd Young)་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་རྒྱབ་སྐྱོར་གཏན་འབེབས་བྱུང་བ་ནི། བོད་རྒྱའི་རྩོད་རྙོག་སེལ་བར་རྒྱ་ནག་གཞུང་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བར་ཞི་བའི་གྲོས་མོལ་གནང་ནས་སེལ་ཐབས་དགོས་པ་ཨ་རིའི་གཞུང་གི་སྲིད་ཇུས་ལངས་ཕྱོགས་སྲ་བརྟན་དུ་བཏང་ཡོད། ཁྲིམས་འཆར་འདི་ཨ་རིའི་གྲོས་ཚོགས་འོག་མའི་ནང་གཏན་འབེབས་གནང་ཟིན་པས། ད་ཆ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་འོས་བསྡུའི་ཆེད་འབུལ་གནང་རྒྱུ་ཡིན་པ་གསལ་སྟོན་གནང་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོས། དེ་རིང་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་ལ་སྤྱི་མོས་བྱུང་བ་ལས་གྲོས་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་གིས་བོད་བཙན་བཟུང་བྱས་བསྡད་ཡོད་པ་དེ་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་གལ་ཆེན་ལ་བརྩིས་པ་མཚོན་པས། ང་ཚོས་ཁྲིམས་འཆར་དེ་བཞིན་གང་མགྱོགས་གྲོས་ཚོགས་གོང་མའི་ནང་གཏན་འབེབས་ཀྱིས་སྲིད་འཛིན་མཆོག་གིས་མཚན་རྟགས་བསྐྱོན་ནས་ཁྲིམས་ལ་འགྱུར་ཐུབ་པའི་རེ་བ་བྱས་བསྡད་ཡོད། རྒྱ་ནག་གཞུང་གིས་བོད་མིའི་དབུ་ཁྲིད་ཚོ་དང་མཉམ་དུ་གྲོས་མོལ་བྱེད་དགོས། ཁྲིམས་འཆར་འདིས་རྒྱ་ནག་ལ་ཕྱི་རྒྱལ་ཁབ་ཁག་གི་གནོན་ཤུགས་མངོན་གསལ་དོད་པོ་ཐེབས་ངེས་རེད་ཅེས་གསུངས་འདུགཁྲིམས་འཆར་དེ་ཐོག་མར་ངོ་སྤྲོད་གནང་མཁན་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Jim McGovern)་ལགས་ཀྱིས། ཁྲིམས་འཆར་འདི་གཏན་འབེབས་ཆེད་རྒྱབ་སྐྱོར་གནང་བ་ནི་བོད་མིའི་རང་དབང་དང་། ཐོབ་ཐང་ལ་རྒྱབ་སྐྱོར་མཚོན་པ་ཞིག་ཡིན་པ་དང་། དེ་ཡང་གཙོ་བོ་རྒྱལ་སྤྱིའི་ཁྲིམས་ལྟར་འཚེ་མེད་ཞི་བ་དང་གྲོས་མོལ་གྱི་ལམ་ནས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་བོད་དང་རྒྱ་ནག་བར་གྱི་རྩོད་རྙོག་སེལ་ཐབས་དང་གྲོས་མོལ་ཡོང་ཐབས་ཆེད་ལུགས་མཐུན་གྱི་རྒྱབ་སྐྱོར་ཡིན་པར་གསུངས་ཡོད། དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་ཨ་རི་དང་ཁེ་ཎ་ཊ་གཉིས་ནང་གཞུང་འབྲེལ་ཕྱོགས་སྐྱོད་གནང་བཞིན་པའི་སྐབས་དང་བསྟུན་ནས་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་རྒྱབ་སྐྱོར་རག་ཐབས་སུ་གནད་ཡོད་མི་སྣ་རྣམས་མཇལ་འཕྲད་གནས་ནས་ཞུ་གཏུག་བྱེད་བཞིན་ཡོད་འདུག ། གསར་འགོད་པ། བསོད་ནམས་ཕུན་ཚོགས།

ངོ་རྒོལ་ཞབས་འདེགས་སུ་གྱུར་པ།

(བོད་ཀྱི་བང་ཆེན་གསར་ཤོག་སྤྱིའི་འདོན་ཐེངས་༩༩༣) རང་དབང་མང་གཙོ་ཅན་གྱི་ཡུལ་གྲུ་ཁག་ཏུ་གཞུང་གི་འགོ་ཁྲིད་ལ་མི་མང་གི་རྒྱབ་སྐྱོར་ཡོད་པ་ཙམ་དུ་མ་ཟད། སྐབས་རེར་ལས་དོན་བྱེད་སྟངས་མི་མང་གི་འདོད་མོས་དང་མ་མཐུན་ན་ངོ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་ནི་རང་དབང་མང་གཙོའི་ཁྱད་ཆོས་སུ་གྱུར་ཡོད། མང་གཙོའི་སྤྱི་ཚོགས་ནང་འགོ་ཁྲིད་རྣམས་ཀྱིས་མི་མང་གི་འདོད་མོས་བཞིན་ལས་དོན་མ་འགྲུབ་ན་འགོ་ཁྲིད་ཀྱི་གོ་གནས་དེ་ཡང་རྒྱུན་རིང་པོར་གནས་མི་སྲིད། རྒྱ་དམར་ལྟ་བུ་དབང་ཆ་ཡོངས་རྫོགས་མི་གཅིག་གིས་སྒེར་གཅོད་བྱེད་པའི་སྲིད་གཞུང་ཞིག་ལ་མཚོན་ན་མི་མང་གི་རེ་བ་དང་མངོན་འདོད་གང་ཡིན་པ་དང་། འགོ་ཁྲིད་རྣམས་ཀྱི་ལས་དོན་བྱེད་སྟངས་བར་ཕལ་ཆེར་ལྟོས་གྲུབ་ཀྱི་འབྲེལ་བ་ཆེར་མེད་པ་ལྟ་བུར་གྱུར་ཡོད། མི་མང་གི་འདོད་མོས་དང་མ་མཐུན་ཡང་གོ་གནས་འཆོར་མི་སྲིད་ལ། མི་མང་གི་དགའ་མོས་ཡོད་མེད་དང་འགོ་ཁྲིད་ཀྱི་གོ་གནས་སུ་སླེབ་ཐུབ་མིན་བར་འབྲེལ་བ་གང་ཡང་མེད་པས། ཁ་རྒྱུན་བཞིན་འགོ་ཁྲིད་ནི་མི་མང་དང་འབྲེལ་བ་མེད་པར་གནམ་གྱིས་བསྐོས་པ་ལྟ་བུར་གྱུར་ཡོད།  བཙན་བྱོལ་བོད་པའི་སྤྱི་ཚོགས་ནི་རང་དབང་མང་གཙོའི་ལམ་དུ་སྐྱོད་བཞིན་ཡོད་པས། བཙན་བྱོལ་བོད་གཞུང་གི་འགོ་ཁྲིད་རྣམས་ལ་མི་མང་གིས་ངོ་རྒོལ་བྱེད་པའི་ཐོབ་ཐང་ཡོད་ལ། སྐབས་རེ་རྒྱབ་ལྗོངས་དང་རྒྱུ་མཚན་འདྲ་མིན་གྱི་དབང་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་མཁན་ཡང་ཡོང་གི་ཡོད། གང་ལྟར་དེ་ནི་ལྟོས་ས་ལྟོས་འཇོག་གི་ཐོག་ནས་བཤད་ན་རྒྱ་དམར་གཞུང་ལ་ཁ་གཏད་གཅོག་མཁན་བཙན་བྱོལ་བའི་སྤྱི་ཚོགས་ཤིག་ཏུ་རང་དབང་མང་གཙོའི་ཐོབ་ཐང་ཁག་ལོངས་སུ་སྤྱོད་བཞིན་པ་ཞིག་མཚོན་ཐུབ། རྒྱ་དམར་གཞུང་ལ་མཚོན་ན་སྲིད་གཞུང་དང་འགོ་ཁྲིད་ལ་ངོ་རྒོལ་ཅུང་ཙམ་བྱེད་མཁན་ཞིག་བྱུང་ནའང་དམར་གསོད་དང་བཙོན་འཇུག་བྱ་རྒྱུ་ཉག་གཅིག་ལས་ལམ་ཁ་གཞན་གང་ཡང་མེད་པས། ཆབ་སྲིད་ཀྱི་ཐོག་ནས་རང་དབང་དང་ཐོབ་ཐང་ཞེས་པ་ད་ལྟའི་ཆར་རྒྱ་ནག་མི་མང་དང་འབྲེལ་བ་གང་ཡང་མེད། འདི་ནི་རང་དབང་མང་གཙོ་ལམ་ལུགས་དང་སྲིད་དབང་སྒེར་གཅོད་ལམ་ལུགས་ལག་བསྟར་བྱེད་མཁན་བར་གྱི་མི་འདྲ་བའི་ཁྱད་པར་ཆེ་ཤོས་སུ་གྱུར་ཡོད། འོན་ཀྱང་རང་དབང་མང་གཙོའི་ལམ་ལུགས་ཅན་གྱི་སྤྱི་ཚོགས་ནང་འགོ་ཁྲིད་རྣམས་ལ་ངོ་རྒོལ་བྱས་པ་དང་། བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ལ་མི་འདྲ་བའི་ཁྱད་པར་ཆེན་པོ་ཡོད་པས། ངོ་རྒོལ་བྱེད་ཆོག་པ་དེ་མང་གཙོའི་ཐོབ་ཐང་ཡིན་པ་ཙམ་གྱིས་མི་ཕན་པར། ངོ་རྒོལ་བྱེད་མཁན་དག་གི་དགོས་དམིགས་འགྲུབ་ཐུབ་མིན་དེ་གལ་ཆེན་པོ་ཡིན་པ་མ་ཟད། སྐབས་རེ་ངོ་རྒོལ་བྱེད་ཡུལ་དག་ལ་ཕན་དུ་འགྱུར་བཞིན་ཡོད་པའང་དངོས་ཡོད་རེད། དཔེར་ན་དབུས་གཙང་སྤྱི་འཐུས་གཅིག་ལ་མདོ་སྟོད་ཀྱི་མིས་ངོ་རྒོལ་བྱས་པའམ། མདོ་སྟོད་ཀྱི་སྤྱི་འཐུས་ཤིག་ལ་མདོ་སྨད་ཀྱི་མིས་ངོ་རྒོལ་བྱས་པ་ལྟ་བུའི་དབང་དུ་བཏང་ན་མ་འོངས་པར་སྤྱི་འཐུས་དེ་དག་ཁོངས་སོ་སོའི་སྤྱི་འཐུས་སུ་མུ་མཐུད་སླེབས་རྒྱུ་གཏན་ཁེལ་ཡིན་པས། གལ་སྲིད་སྤྱི་འཐུས་བྱེ་བྲག་པ་གཅིག་གམ་རེ་ཟུང་གི་བྱེད་སྟངས་སྣང་བར་མ་སོང་བར་ངོ་རྒོལ་དང་ཚིག་ངན་སྣ་ཚོགས་ཀྱིས་སྐྱོན་བརྗོད་བྱས་ནས་དོན་དམ་པར་ཕན་གནོད་གང་ཡོད་པ་དེ་ངོ་རྒོལ་བྱེད་མཁན་གྱི་ངོས་ནས་གནད་དོན་གཙོ་བོ་མིན་ནམ། བཙན་བྱོལ་སྤྱི་ཚོགས་ནང་སྐབས་རེ་མི་ཐེབས་ཆག་ཅིག་ཡིན་ཡང་ཕྱོགས་ཁག་གཞན་གྱིས་སྐྱོན་བརྗོད་ཡང་ཡང་བྱས་ན། ཕྱོགས་གཅིག་ནས་མུ་མཐུད་རྒྱབ་སྐྱོར་དང་གདེང་འཇོག་བྱེད་པ་མ་ཟད། དྲ་ཚོམ་ཁག་ཏུ་ཁ་དམག་རྒྱག་རྒྱུ་ཙམ་ལས་འབྲི་ཀློག་ཡག་པོ་མི་ཤེས་ཀྱང་མཁས་དབང་ཞེས་འབོད་པ་ལྟ་བུ་ཡང་ཡང་མཐོང་རྒྱུ་ཡོད། མཁས་པ་དང་ཆེ་མཐོང་ཆེན་པོ་ཡོད་པའི་བླ་དཔོན་གང་རུང་ཞིག་ལ་ཕྱོགས་ཁག་གཞན་གྱིས་སྐྱོན་བརྗོད་བྱས་པ་ཡིན་ན། ཕྱོགས་གཞན་དེས་དུས་རྒྱུན་སྐུར་འདེབས་བྱེད་ཡུལ་ཞིག་ཡིན་ཡང་དེ་ནས་བཟུང་བསྟོད་བསྔགས་དང་གུས་བཀུར་གྱི་རྣམ་པ་ཤུགས་ཆེ་སྟོན་བཞིན་ཡོད་པ་ནི་རང་བཞིན་ལྟ་བུར་གྱུར་ཡོད་པས། ཆབ་སྲིད་མི་སྣ་གང་ཞིག་ལ་སྐྱོན་འཛུགས་བསྔགས་བརྗོད་དུ་འགྱུར་བ་དང་། ངོ་རྒོལ་ཞབས་འདེགས་སུ་འགྱུར་བ་ལྟ་བུ་ནི་བཙན་བྱོལ་ནང་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་ལས། ད་བར་ངོ་རྒོལ་བྱས་ནས་གོ་གནས་ཤོར་བའི་ལོ་རྒྱུས་མེད་པ་དང་། ངོ་རྒོལ་བྱས་ནས་འགྱུར་བ་བཏང་བའང་མཐོང་དཀོན་པོ་ཡིན། མདོར་ན་ད་ལྟའི་ཆར་བཙན་བྱོལ་བོད་པའི་སྤྱི་ཚོགས་སུ་ཕྱོགས་གཅིག་གིས་ཆབ་སྲིད་པ་ཞིག་ལ་བསྟོད་བསྔགས་དང་གུས་བཀུར་གྱི་རྣམ་པ་ཤུགས་ཆེ་བསྟན་པ་ཙམ་གྱིས་མི་ཕན་པ་དང་། སྐྱོན་བརྗོད་དང་ངོ་རྒོལ་བྱས་པ་ཙམ་གྱིས་མི་གནོད་པ་མཐོང་ཆོས་སུ་གྱུར་ཡོད་པ་འདི། བཙན་བྱོལ་བོད་པའི་མང་གཙོའི་ལམ་ལུགས་ནང་གང་ཟག་གཙོ་བོར་འཛིན་པ་ལས། གནད་དོན་གཙོ་བོར་མི་འཛིན་པ་དང་། ཕྱོགས་ཁག་གི་རྒྱལ་ཕམ་གཙོ་བོར་འཛིན་པ་ལས། རྩ་དོན་འཐབ་རྩོད་ལ་ཕན་གནོད་གཙོ་བོར་མི་འཛིན་པའི་ལམ་སྲོལ་ངན་པ་ཞིག་དར་ཁྱབ་བྱུང་ཡོད་པ་མཚོན་ཐུབ། དེ་བས་ཀྱང་ཐབས་སྐྱོ་བ་ཞིག་ལ་འགྱུར་བ་ཆེ་ཤོས་ནི་ད་ལྟའི་ཆར་བླ་མ་མི་ཆེན་དང་། སྒྲིག་འཛུགས་ཀྱི་འགོ་ཁྲིད་མི་སྣ། མི་མང་དཀྱུས་མ་བཅས་ཕལ་ཆེ་བས་ཕྱོགས་ཁག་གང་རུང་གི་ཞེན་ཁོག་བྱེད་པ་ནི་སྦས་གསང་གང་ཡང་མི་དགོས་པར་ངོམ་སོ་བྱེད་པའི་དུས་ཚོད་ཅིག་ཏུ་གྱུར་ཟིན་པས། ངོ་རྒོལ་དང་རྒྱབ་སྐྱོར་གང་ཡིན་ཡང་མཇུག་འབྲས་གང་ཡང་མེད་ན་ཕ་རོལ་པོའི་འདོད་དོན་བསྒྲུབས་པ་ལྟ་བུར་གྱུར་མི་འདུག་གམ།།