རྒྱ་ནག་དང་ཉི་ཧོང་གི་འགོ་ཁྲིད་གཉིས་ཐུག་འཕྲད་བྱས།

དེ་རིང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཉི་ཧོང་གི་སྲིད་བློན་ཨ་བྷི་གཉིས་ཨན་རྡུ་ནི་ཤི་ཡའི་རྒྱལ་ས་རུ་ཐུག་འཕྲད་བྱས་ཡོད་པ་དང་། ཉི་ཧོང་གི་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་འཁྲབ་སྟོན་བྱས་པའི་མཛའ་བརྩེའི་ངོ་གདོང་གི་རྒྱབ་ཏུ་རྣམ་པ་གཞན་ཞིག་སྦས་ཡོད་པའི་དཔྱད་བརྗོད་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་༢༢ ནས་༢༣ བར་ཉིན་གཉིས་རིང་ཨན་རྡུ་ནི་ཤི་ཡའི་རྒྱལ་ས་རྗ་ཀར་ཐ་ (Jakarta) རུ་ཡར་རྒྱས་འགྲོ་བཞིན་པའི་ཨེ་ཤ་ཡ་དང་ཨ་ཧྥི་རི་ཁའི་རྒྱལ་ཁབ་ ༨༠ ཡི་འགོ་ཁྲིད་ལྷན་ཚོགས་དང་སྟབས་བསྟུན། ཕྱི་ཚེས་༢༣ རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་ཉི་ཧོང་གི་སྲིད་བློན་ཨ་བྷི་གཉིས་སྐར་མ་༣༠ རིང་ཐུག་འཕྲད་བྱས་ཡོད་པ་མ་ཟད། ཐོག་མར་ཐུག་འཕྲད་སྐབས་འཛུམ་མདངས་དང་བཅས་ལག་པ་གཏོང་རེས་བྱས་པ་ཡིས་མི་རྣམས་ལ་ཚོར་སྣང་གསར་པ་ཞིག་སྤྲད་ཡོད་ཀྱང་། ཨན་རྡུ་ནི་ཤི་ཡའི་ལྷན་ཚོགས་ཐོག་ཞི་ཅིན་ཕིང་དང་ཨ་བྷི་གཉིས་ཀ་ཕར་ཕྱོགས་ཀྱི་གཏམ་བཤད་སྐབས་ཚོགས་ར་ནས་ཕྱིར་ཐོན་པ་ལས་མངོན་པའི་གནད་དོན་ལ་དོ་སྣང་ཤུགས་ཆེན་བྱས་ཡོད།

0,,17340677_303,00ཉི་ཧོང་གི་བརྒྱུད་ལམ་ཞིག་གི་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། རེས་གཟའ་ཕུར་བུའི་ཉིན་ཨན་རྡུ་ནི་ཤི་ཡའི་བྷན་ཏང་(Banduang) ལྷན་ཚོགས་བསྐོངས་ནས་ལོ་༦༠ འཁོར་བའི་རྗེས་དྲན་ཚོགས་འདུའི་ཐོག ཚོགས་ཆེན་གཙོ་སྐྱོང་བས་ཉི་ཧོང་གི་སྲིད་བློན་ཨ་བྷི་ཡིས་གཏམ་བཤད་སྤེལ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་སྐབས། རྒྱལ་ཁབ་ཁག་གི་འགོ་ཁྲིད་རྣམས་ཀྱི་གཏམ་བཤད་ལ་ཉན་བཞིན་པའི་ཞི་ཅིན་ཕིང་ཚོགས་ར་ནས་ལངས་ཏེ་ཕྱིར་ཐོན་ཡོད་པ་མ་ཟད། ཁོང་གི་དེའི་སྐབས་ལོ་སྔོན་མའི་ཕྱི་ཟླ་༡༡ པའི་ནང་པེ་ཅིང་དུ་ཨ་བྷི་དང་ཐུག་འཕྲད་སྐབས་ལས་ཀྱང་གུས་བརྩི་མེད་པའི་རྣམ་འགྱུར་ཞིག་བསྟན་ཡོད་འདུག

ཉི་ཧོང་གི་སེ་ཁེ་(Sankei) ཞེས་པའི་བརྒྱུད་ལམ་དུ་འཁོད་དོན། རྒྱ་ནག་གིས་ཨ་བྷི་ཡི་གཏམ་བཤད་དེ་ད་ལོ་དབྱར་ཁར་སྤེལ་བའི་<<ཨ་བྷི་ཡི་གཏམ་བཤད་>> ཀྱི་རྨང་གཞི་བྱས་ཡོད་པའི་ངོས་འཛིན་འོག དོ་སྣང་ཤུགས་ཆེན་བྱས་ཡོད་པ་དང་། སྤྱིར་ཨ་བྷི་ཡིས་<<མུ་ར་ཡ་མ་ཡི་གླེང་མོལ་>>དང་<<ཁའོ་ཛུ་མི་ཡི་གླེང་མོལ་>>གྱི་འདས་པའི་ལངས་ཕྱོགས་རྒྱུན་མཐུད་པ་ཞིག་སྐོར་བརྗོད་ཡོད་ཀྱང་། དེ་དང་མཉམ་དུ་འགོ་ཁྲིད་ཟུར་པའི་གླེང་མོལ་གྱི་ཡི་གེ་དཔེ་བཤུས་བྱ་རྒྱུའི་བསམ་བློ་མེད་སྐོར་ཡང་བརྗོད་ཡོད། སེ་ཁེ་གསར་ཁང་གིས་གནས་ཚུལ་དབྱེ་ཞིབ་བྱས་པ་ལྟར་ན། ཨ་བྷི་ཡི་གཏམ་བཤད་ནང་དོན་ལ་རྒྱ་ནག་འདོད་པ་ཁེངས་མེད་པས། ཁུ་སིམ་མེར་ཨ་བྷི་ཡི་གཏམ་བཤད་ཉན་པ་ཙམ་གྱིས་མགོ་སྣ་ཆེན་པོ་བརླག་འགྲོ་བའི་ཞི་ཅིན་ཕིང་གི་ངོས་ནས་བཤད་ན། གཟོད་བསྲན་དཀའ་བའི་བརྙས་བཅོས་ཤིག་ཡིན་ཞིང་། ཨ་བྷི་ཡི་བྷན་ཏང་ལྷན་ཚོགས་སྐབས་ཀྱི་གཏམ་བཤད་ནང་། སྔོན་ཐོན་གྱི་མིའི་རྣམ་དཔྱོད་ནི་ཁྲིམས་ལུགས་ཀྱིས་རྒྱལ་ཁབ་ཆེ་ཆུང་དབྱེ་བ་མེད་པར་རྒྱལ་ཁབ་ཀྱི་ཆེ་མཐོང་སྲུང་སྐྱོབ་ཐུབ་པ་ཞིག་ལ་གོ་བའི་འགྲེལ་བརྗོད་བྱས་པ་དེ། ལྷོ་རྒྱ་ནག་རྒྱ་མཚོའི་གནད་དོན་སོགས་རྒྱ་ནག་གིས་དངོས་སུ་ད་ལྟའི་གནས་སྟངས་ལ་འགྱུར་ལྡོག་གཏོང་ཐབས་བྱེད་བཞིན་པའི་རྒྱ་ནག་དང་འབྲེལ་བ་ཡོད་པ་ཞིག་ཡིན་པ་རེད།

དེ་བཞིན་ཉི་ཧོང་གི་<<ཉིན་རེའི་གསར་འགྱུར་>>ཐོག་དབྱེ་ཞིབ་བྱས་པ་ལྟར་ན། རྒྱ་ནག་དང་ཉི་ཧོང་གི་འགོ་ཁྲིད་གཉིས་ཀྱིས་གཏམ་བཤད་སྐབས་ཐད་ཀར་ཕུན་ཚུན་ལ་སྐྱོན་བརྗོད་བྱས་མེད་ཀྱང་། ཕྱོགས་སོ་སོའི་གཏམ་བཤད་སྐབས་ཕར་ཕྱོགས་ཚོགས་ར་ནས་ཕྱིར་ཐོན་དོན་ནི། ཉིན་དེའི་ཕྱི་དྲོའི་འགོ་ཁྲིད་གཉིས་ཐུག་འཕྲད་ཀྱི་འགལ་རྐྱེན་སེལ་ཆེད་ལ་བསམ་བློ་གཏོང་བ་ཞིག་ཡིན་སྲིད་པ་དང་། ཐེངས་འདིའི་ཉི་ཧོང་དང་རྒྱ་ནག་གི་འགོ་ཁྲིད་གཉིས་ཀྱི་ཐུག་འཕྲད་དེ་ཉི་ཧོང་ཕྱོགས་ཀྱི་རེ་འདུན་ལྟར་སྒྲུབ་པ་ཞིག་ཡིན་ཞིང་། དེ་ནི་ཨ་བྷི་ཟླ་འདིའི་ཕྱི་ཚེས་༢༦ ཉིན་ཨ་རིར་འཚམས་གཟིགས་མ་ཕེབས་གོང་། རྒྱལ་ཕྱི་ནང་གང་སར་རྒྱ་ནག་དང་ཉི་ཧོང་གི་འབྲེལ་ལམ་བསྐྱར་གསོའི་རྣམ་པ་ཕྱིར་བསྟན་རྒྱུ་དགོས་གལ་ཆེ་བ་ཞིག་ཡིན་འདུག་ལ། ཉིན་དེར་ཉི་ཧོང་གི་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་ཡོ་ཤི་ཧི་རྡི་སུ་གྷ་(Yoshihide Suga) ཡིས། “ཉི་ཧོང་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་ངོས་ནས་བཤད་ན། ཨེ་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་ཧ་ཅང་གལ་ཆེ་ཡིན་པ་དང་། ཉི་ཧོང་དང་རྒྱ་ནག་གཉིས་ཀྱིས་དེའི་ཕྱོགས་སུ་འབད་བརྩོན་བྱེད་ཡོད་པ་མ་ཟད། ཨ་རི་ཡིས་ཀྱང་དགའ་བསུ་ཞུ་ངེས་”ཞེས་བརྗོད་འདུག།

གསར་འགོད་པ་ཏྲེ་ཧོར་ཐུབ་བསྟན།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||