༧གོང་ས་མཆོག་ཟླ་བ་གཅིག་རིང་ལ་དྭགས་སུ་བཞུགས་འཆར།

ཕྱི་ཟླ་༦ ཚེས་༢༨ ཉིན་༸གོང་ས་མཆོག་ལ་དྭགས་སླེ་ཞི་བའི་ཚལ་ཕོ་བྲང་དུ་༸ཞབས་སོར་བདེ་བར་འཁོད་མཚམས། དགའ་ལྡན་ཁྲི་ཟུར་རི་རྫོང་རིན་པོ་ཆེ་སོགས་ཀྱིས་ཕེབས་བསུ་ཞུས་པ་དང་། དེར་གནད་ཡོད་མི་སྣ་ཁག་ཅིག་ལ་བཀའ་སློབ་གནང་ཡོད་པ་རེད།

tibet.net

༧གོང་ས་མཆོག་གིས་བཀའ་སློབ་གནང་དོན། “སྔོན་མ་ལ་དྭགས་སུ་ཡོང་རྒྱུ་དེ་ཕྱོགས་གཅིག་ནས་མི་མང་གི་དད་པ་དང་དམ་ཚིག་གཡོ་བ་མེད་པ་རེད། དེར་བརྟེན་མི་མང་ཐུག་རྒྱུ་དང་། འདིར་ས་སྐམ་པོ་ཡིན་སྟབས། གྲུམ་བུའི་ནད་རིགས་ལ་ས་སྐམ་པོའི་ཕྲན་བུ་ཁྱད་པར་ཡོད་པ་ལྟ་བུ་འདུག དྷ་སར་ཆར་ཞོད་འགོ་བཙུགས་ཡོད་སྟབས། འདིར་ཟླ་བ་གཅིག་ཙམ་སྡོད་དགོས་དྲན་བྱུང་”ཞེས་བཀའ་སློབ་གནང་།

༧གོང་ས་མཆོག་གིས་སྐུའི་འཕྲོད་སྟེན་སྐོར་གསུང་དོན། “ད་རེས་ཨ་མི་རི་ཀར་ཕལ་ཆེར་བདུན་ཕྲག་གཉིས་ཙམ་བསྡད་པ་ཡིན།   ཨ་རིར་སྨན་བཅོས་བརྟག་དཔྱད་བྱེད་རྒྱུ་ད་ཆ་ཧ་ལམ་ལོ་བཅུ་གྲངས་ཕྱིན་པ་རེད། ད་རེས་ཨ་རིར་བརྟག་དཔྱད་བྱེད་སྐབས་གཟུགས་པོ་ཧ་ཅང་བདེ་པོ་འདུག ལོ་གཉིས་ཙམ་གྱི་གོང་ལ་ prostate cancer དེ་འདྲའི་རྟགས་ཕྲན་བུ་འདུག ད་རེས་བརྟག་དཔྱད་བྱེད་དུས་གཙང་མ་རེད་འདུག གང་ཡང་མི་འདུག་ཟེར་གྱི་འདུག་”ཅེས་གསུངས།

དེ་བཞིན་མུ་མཐུད་ལ་དྭགས་ཀྱི་གནས་སྟངས་དང་འབྲེལ་ནས་གསུང་དོན།  “ས་ཁུལ་འདི་དག་ཕ་མེས་ནས་ཕྱོགས་གཅིག་ནས་ནང་པ་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་དང་། ཡང་སྒོས་བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་ལ་དད་པ་བྱེད་མཁན་ཆགས་ཀྱི་ཡོད། བོད་གངས་ཅན་ལྗོངས་ཀྱི་སངས་རྒྱས་པའི་ཆོས་འདི་མཁན་ཆེན་ཞི་བ་འཚོས་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ང་ཚོར་རྩིས་སྤྲོད་གནང་སྟེ་ལོ་སྟོང་ཕྲག་རིང་ང་ཚོས་དངོས་གནས་ཞི་བ་འཚོས་ཐུགས་རེ་གནང་བ་ནང་བཞིན་གཞུང་ཆེན་དེ་དག་ལོ་ཉི་ཤུ་སུམ་ཅུ་སློབ་གཉེར་བྱས་པ་དང་། མང་པོ་ཞིག་གིས་ཉམས་ལེན་བྱེད་ཀྱི་ཡོད། གང་ལྟར་བཤད་སྒྲུབ་ཟུང་འབྲེལ་ཐོག་ནས་ནཱ་ལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་བཟུང་བ་རེད། ངས་དེང་སྐབས་དོ་སྣང་བྱེད་རྒྱུ་གཅིག་ནི། ང་ཚོས་ད་ལྟ་ཤེས་པ་དེ་དག་ཚང་མ་ནཱ་ལེནྡྲ་ནས་ཡོང་བ་རེད།  ནཱ་ལེནྡྲ་ནས་སློབ་སྦྱོང་བྱུང་བ་དེ་དག་དེང་སྐབས་ཀྱི་དུས་ཚོད་ལ་ཕན་ཐོགས་དང་འབྲེལ་བ་ཡོད་པ་ཡིན་སྟབས། ནཱ་ལེནྡྲའི་གཞུང་ཆེན་དེ་དག་རིམ་པས་རྒྱ་གར་ནང་སླར་གསོ་བྱེད་རྒྱུ་བྱུང་ན་དང་། དེ་ཡང་ངེས་པར་དུ་ཆོས་དང་མ་འབྲེལ་བ་བྱས་ནས་ནང་ཆོས་སྐོར་དེ་ནང་པའི་ཆེད་དང་། གཞན་རིགས་ལམ་སྐོར་དང་ཚད་མ་རིག་པའི་སྐོར། སེམས་ཁམས་རིག་པ། ལྟ་གྲུབ་ཀྱི་རིགས་ཁ་ཤས་ཤེས་ཡོན་རང་གི་འདུ་ཤེས་བྱས་ནས་རྒྱ་གར་ནང་བསླབ་ཐུབ་པ་བྱུང་ན། ཞེས་ངས་འབད་བརྩོན་བྱེད་བཞིན་ཡོད། རྒྱ་གར་ནང་དོ་སྣང་བྱེད་མཁན་ལོ་རེ་བཞིན་ཤུགས་ཆེ་རུ་འགྲོ་བཞིན་འདུག དེ་འདྲའི་གནས་སྟངས་འོག་ཧི་མཱ་ལ་ཡའི་རི་རྒྱུད་ཀྱི་མི་ཚོས་དེའི་ཐོག་ཞབས་འདེགས་ཤུགས་ཆེ་ཙམ་སྒྲུབ་ཐུབ་པའི་གོ་སྐབས་ཡོད་པའི་བཟོ་འདྲ་ཞིག་འདུག དེར་བརྟེན་ང་རང་ཚོ་རང་ཉིད་ཀྱིས་གཞུང་ཆེན་དེ་དག་ལྟ་རྒྱུ་གལ་ཆེན་པོ་རེད་འདུག ང་ཚོས་ལོ་བརྒྱ་ཕྲག་མང་པོའི་རིང་ཆོ་ག་ལྟ་བུ་འདོན་རྒྱུའི་རིགས་ཡག་པོ་རེད། འོན་ཀྱང་འདི་གཙོ་བོ་མ་རེད། གཙོ་བོ་གཞུང་ཆེན་ལྟ་རྒྱུ་རེད། འདི་ཧ་ཅང་གལ་ཆེན་པོ་རེད་འདུག་”ཅེས་བཀའ་སློབ་གནང་།།
གསར་འགོད་པ་ཆོས་ཉིད་འོད་ཟེར།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||