བོད་ཀྱི་གསོ་རིག་ངོ་སྤྲོད།

དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་རང་རིག་གསོ་བ་རིག་པ་འདི་ཉིད་ལ་ཤིན་ཏུ་ནས་ཆེ་མཐོང་གིས་རིག་གནས་འདི་ཉིད་ཁོ་ནས་རང་དང་གཞན་འདི་དང་ཕྱི་མའི་དོན་ཆེན་སྒྲུབ་ཐུབ་པ་ཐུགས་ཐག་ཆོད་པོས་ངང་གསུངས་ཡོད། དེ་ནི་བོད་ཀྱི་གསོ་རིག་འདི་ཉིད་ལ་ཁྱད་ཆོས་མང་པོ་ཡོད་པ་ལས་སྙིང་པོ་ཞིག་ཡིན་པ་གསལ། གཞན་ཡང་དེང་གི་སྤྱི་ཚོགས་ནང་མི་ནད་ཅན་དང་ནད་མེད་གཉིས་ཀའི་དགོས་འདོད་སྐོང་པ་དཔེར་ན་ནད་མེད་རྣམས་ལ་ཟས་དང་སྤྱོད་ལམ་གྱི་སྤང་བླངས་བསྟན་པ་དང༌། ན་ཚོད་རྒས་པ་རྣམས་ལ་ལུས་སྲོག་ཡུན་རིང་དུ་འཚོ་བ་བཅུད་ལེན་བསྟེན་ཐབས་སོགས་རྒྱས་པར་བསྟན་ཡོད། ནད་ཅན་རྣམས་ལ་འབྱུང་བ་འཕེལ་བ་ནི་འབྲི་རུ་བཅུག་པ་དང༌། ཟད་པ་ནི་ཡར་གསོ་བ། འཁྲུགས་པ་ནི་སྙོམས་པར་བྱེད་པའི་འབྱུང་བ་ལྔ་ལས་གྲུབ་པའི་གཉེན་པོ་ཟས་སྤྱོད་སྨན་དཔྱད་ལོག་གནོན་བཅས་པའི་བཅོས་ཐབས་ཐུན་མོང་མ་ཡིན་པར་ཟབ་ཅིང་རྒྱས་པར་བསྟན། དེ་བཞིན་རྩིས་གཞུང་ལའང་སྐར་རྩིས་དང་ནག་རྩིས་ཀྱི་སྒོ་ནས་བསྐོར་སྒོ་མང་དུ་བསྟེན་ཅིང༌། དེ་དག་ཀྱང་རང་རིགས་རྒྱུན་དུ་འཚོ་བའི་ནང་དགོས་མཁོ་ཁྱད་ཆོས་ལྡན་པ་དཔེར་ན་བྱིས་པ་གསར་སྐྱེས་གཙོ་གྱུར་མི་བྱིས་དར་རྒན་གསུམ་ལ་འདས་དང་མ་འོངས་ད་ལྟ་བཅས་དུས་གསུམ་གྱི་བླང་དོར་ཚུལ་བཞིན་བསྟེན་པ་ཚེ་རབས་ལས་རྩིས་དང༌། མི་དར་མ་སྐྱེས་ཕོ་མོ་རྣམས་ལ་སྲོག་ལུས་དབང་ཀླུང་ཁམས་སོགས་མཐུན་སྦྱོར་བྱ་གལ་ཆེ་བས་ན་འཇིག་རྟེན་མཐུན་འཇུག་གི་བག་རྩིས། ནད་ཀྱིས་མནར་བའི་ཉམ་ཐག་ནད་པ་རྣམས་ལ་ནད་ངོས་འཛིན་དང་ནད་ཀྱི་རྒྱབ་རྟེན་འབྱུང་པོ་གདོན་བགེགས་ལ་ཐབས་གཏོར་བཅོས་སོགས་ལྡོག་ཐབས་བསྟན་པ་ནད་རྩིས། སྐྱེ་བའི་མཐའ་མ་འཆི་བའི་དུས་སུ་འདས་གསོན་ཡུལ་ལུང་ཁོར་ཡུག་བཅས་པར་ཕན་པའི་ཆེད་དུ་གཤིན་རྩིས། ནམ་ཟླ་དུས་དྲུག་གི་འགྱུར་འགྲོས་དང་འཚམས་པའི་སོ་ནམ་འདེབས་ལས་སྐབས་སུའང་རྩིས་རིག་དེ་དག་ཀྱང་ཧ་ཅང་དགོས་མཁོ་ཆེ་བར་སྣང༌། གསོ་བ་རིག་པ་ཞེས་པའི་ཚིག་འབྲུ་རྣམས་ཀྱི་གོ་དོན་ནི་གསོ་བ་ནི་གསོ་བར་བྱ་བའི་ཡུལ་བསྟན་པ་ཡིན་ཏེ། དེ་ཡང་ལུས་ཀྱི་འབྱུང་བའི་ཁམས་དང་ནད་གཉིས་གསོ་བས་ན་གསོ་བ་ཞེས་བྱ་སྟེ་གྱྟཎརྡདྲརྣཐྲ ལུས་གསོ་བ་ནི་མི་ནད་མེད་བདེ་ཐང་ངང་ཚེ་ཡུན་རིང་དུ་གནས་པར་བྱ་བའི་དོན་ཡིན་པ་རེད། རིག་ཟེར་བ་ནི་རིག་པའི་གཞུང་ལུགས་ཀྱི་རྣམ་གཞག་ལ་གོ་བ་ཡིན། དེ་ཡང་གོང་དུ་གསལ་བ་ལྟར་རང་རིགས་སྤྱི་ཚོགས་ནང་དགོས་ངེས་ཀྱི་ལུས་ནད་གཉིས་གསོ་བར་བྱེད་པའི་རིག་པའི་གཞུང་ལུགས་ཚད་ལྡན་ཡོད་པ་ཞིག་ལ་གོ་བ་ཡིན། དེ་ལྟ་བུའི་བོད་ཀྱི་གསོ་རིག་གཞུང་ལས་གསུངས་པའི་ཉིན་རེ་བཞིན་དུས་རྒྱུན་དུ་འགྲོ་འཆག་ཉལ་འདུག་སོགས་ནི་ཚེ་རྐྱང་པའི་སྤྱོད་ལམ་དང་འཇིག་རྟེན་མི་ཆོས་ཀྱི་སྤྱོད་པ་དང་དམ་པའི་ལྷ་ཆོས་ཀྱི་སྤྱོད་པ་ལ་སོགས་པ་རིམ་པར་བསྟན་ཅིང་ལོ་ལྟར་ཟླ་དྲུག་སོགས་ཀྱི་འགྱུར་འགྲོས་དང་མཚུངས་པར་དུས་དྲུག་སོ་སོར་སྤྱོད་པའི་སྤྱོད་ལམ། གནས་སྐབས་བཀྲེས་སྐོམ་སོགས་བཅུ་གསུམ་འབྱུང་ལ་ཉེ་བའི་བ་དེ་དག་འགག་པར་མི་བྱ་བར་སེལ་བའི་ཆོ་ག་བསྟེན་པ་སོགས་གནས་སྐབས་སུ་སྤྱོད་པའི་སྤྱོད་ལམ་བཅས་བསྟན་པ་དང་རྣམ་ཀུན་འཚོ་བའི་ནང་དུའང་འབྲས་དང་གྲོ་སྲན་མ་ནས་སོགས་ཟས་རིགས་དང་ཆུ་རིགས་བཟང་ངན་དང༌། འོ་མ་ཞོ་སོགས་སྐོམ་གྱི་ཕན་ནུས་ཁྱད་པར་ཤེས་པ་སོགས་ཟས་རིགས་ཚུལ་ཤེས་པར་བྱ་བའི་སྒོ་ནས་ལོངས་སྤྱོད་ཚུལ་དང༌། གང་ཟག་རང་རང་གི་ལུས་ཀྱི་འབྱུང་བའི་ཁམས་དང་མི་འཕྲོད་པའི་ཁ་ཟས་རིགས་རྣམས་ནི་དུག་དངོས་མིན་ཀྱང་གཞན་གྱིས་བསམ་ངན་གྱིས་སྦྱར་དུག་སྤྲད་པ་དང་ཆ་མཚུངས་པར་རིམ་པས་མིའི་ལུས་ཁམས་ཉམས་རྒུད་དུ་བཏང་སྟེ་མཐར་ལུས་སྲོག་གཉིས་ཀ་འཇོམས་པར་གྱུར་པས་ན། དུས་རྟག་ཏུ་རང་གི་ལུས་ཀྱི་འབྱུང་བའི་ཁམས་དང་མི་མཐུན་པའི་ཟས་དང་སྐོམ་རིགས་རྣམས་མ་བསྟེན་པར་སྤོང་གལ་ཆེ་བ་དང༌། དེ་ཡང་ཟས་རིགས་མི་འཕྲོད་པའི་རིགས་ལའང་ངོ་བོ་ཉིད་ནས་མི་འཕྲོད་པའི་རིགས་དཔེ་མཚོན་འགའ་ཞུས་ན་བྱའི་སྒོ་ང་དང་ཉྭ་ཤ་གཉིས་མཉམ་དུ་བཟའ་བ་དང༌། སྲན་མའི་ཚོད་མ་དང་བུ་རམ་ཞོ་བཅས་མཉམ་བཟའ་བྱེད་པ། འཕྲོས་འདོན་ཐེངས་རྗེས་མར་གཟིགས།

བོད་གཞུང་དབུས་སྨན་རྩིས་ཁང་ཉམས་ཞིབ་འགན་འཛིན་སྨན་རམས་པ་བསྟན་འཛིན་ལྷ་སྒྲོན།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||