བོད་ཀྱི་གསོ་བ་རིག་པ་ལས་ཟས་སྐོམ་གྱི་བསླབ་བྱ།

དེ་ཡང་ཇི་སྐད་དུ་གསོ་རིག་གཞུང་ལས་ཀྱང་འདི་ལྟར་གསུངས་ཡོད་དེ། འབྱུང་བ་ལྔ་ལྡན་ཟས་ཀྱི་ཡོན་ཏན་གྱིས།། ལུས་ཀྱི་འབྱུང་བ་ལྔ་པོ་རྒྱས་པར་བྱེད།། ཞེས་གསུངས་ཏེ། འབྱུང་བ་ས་དང༌། ཆུ། མེ། རླུང༌། ནམ་མཁའ་བཅས་འབྱུང་བ་ལྔ་ལས་གྲུབ་པའི་འབྲུ་རིགས་དང༌། ཤིང་འབྲས། སྔོ་ཚལ། ཚལ་རིགས་ལ་སོགས་རྣམས་ཀྱི་རོ་དང་ངོ་བོ། ནུས་པ་དང་ཡོན་ཏན། ཞུ་རྗེས་སོགས་ལེགས་པར་ཤེས་པའི་ཐོག་ནས་རྣམ་ཀུན་ནས་ལུས་ཁམས་བདེ་ཐང་སྐབས་ཀྱང་རང་རང་གི་འབྱུང་བའི་ཁམས་དང་མཐུན་པར་ཕན་ཟས་རྣམས་བསྟེན་པ་དང༌། འབྱུང་བའི་ཁམས་འཁྲུགས་ཏེ། ན་བའི་ཚེ་ཡང་ནད་གཞིར་གནོད་པའི་ཟས་རིགས་ཁག་སྤང་བ་གལ་ཆེ་བ་ཡིན་པ་རེད།
    འབྱུང་བ་ལས་གྲུབ་པའི་སྔོ་ལྗང་ཅན་གྱི་ལྗོངས་སམ་ཚལ་དུ་སྐྱེ་ཞིང་དེ་ལས་འབྱུང་བའི་ཟས་རིགས་ལ་སྔོ་ཚལ་ལམ་ཚོད་མ་དང་སྔོ་ངད་ཞེས་ཀྱང་བྱ་ཞིང༌། ཟས་དེ་རིགས་ནི་བཀྲེས་སྐོམ་སེལ་བྱེད་ཀྱི་ནུས་པ་དང་ལྡན་པའི་སྔོ་ཚལ་སོགས་མ་བཅོས་རང་བྱུང་གི་ཟས་རིགས་རྣམས་ནི་ཁ་ཟས་ཙམ་དུ་མ་ཟད། སྨན་རྫས་ལའང་མཆོག་ཏུ་སྔགས་ཤིང༌། ལུས་གསོ་ཞིང་ནད་རིགས་བཅོས་པར་བྱེད་པའི་ཐབས་ལམ་མམ་གཉེན་པོ་སྟེ། རྒྱས་པར་བཤད་ན་སྟོང་དང་རྩ་གཉིས་ཡོད་པ་རྣམས་ཀྱང་མདོར་ཧྲིལ་གྱི་དྲིལ་ན་ཟས་དང༌། སྤྱོད་ལམ། སྨན། དཔྱད་གཞིའི་གྲས་ནས་གཉིས་པ་ཡིན་ལ། ལུས་སྲོག་འཚོ་བའི་ཟས་སྨན་ཐུན་མོང་དུ་སྒྱུར་བ་ལེགས་ཤོས་ཤིག་ཀྱང་ཡིན་པས། ཟས་ཀྱི་གསོ་ཐབས་ནི་སྨན་གྱི་བཅོས་ཐབས་ལས་ཀྱང་གལ་ཆེ་ཞིང་ཕན་ནུས་ཀྱང་ཆེ་བའི་རྒྱུ་མཚན་ལ་བརྟེན་ནས་ནད་བཅོས་སྐབས་སུའང་གོ་རིམ་ཡང་འདི་ལྟར་ཡོད་དེ། སྟོབས་ཆུང་ནད་ལ་དང་པོ་སྤྱོད་ལམ་ཟབ། དེ་མ་ཞི་ནས་གནོད་ཟས་ཀྱིས་བཅོས། དེ་མ་ཞི་ན་བསིལ་དྲོད་སྨན་གྱིས་བཅོས། གསུམ་ཀས་མ་གནོད་དཔྱད་ཀྱིས་ནད་གཡུལ་དབྱུང༌། ཞེས་གསུངས་པ་དང༌། ཟས་ཀྱི་གསོ་ཐབས་ནི་སྨན་གྱི་བཅོས་ཐབས་ལས་བཟང་ཞིང་ཟུར་འཕོག་ཆུང་ལ་གསོ་ཐབས་གཞན་གྱི་སྔོན་ལ་བསྟེན་དགོས་པ་ཞིག་ཆགས་ཡོད།3923£[92དོན་ཐེངས་སྔོན་མའི་འཕྲོས།  སྤྱིར་རང་བྱུང་ཁམས་ལས་གྲུབ་པའི་རྫས་གང་ཞིག་བཀྲེས་སྐོམ་སེལ་ཞིང་ལུས་སྲོག་གཉིས་ལྷན་གཅིག་ཏུ་ཡུན་རིང་དུ་འཚོ་བར་བྱེད་པའི་ཆེད་དུ་ལོངས་སྤྱོད་བྱའམ་བཟའ་རྒྱུ་དེ་ལ་ཟས་ཞེས་བྱ་ཞིང༌། ལུས་སྲོག་གཉིས་ལྷན་གཅིག་ཏུ་ཡུན་རིང་འཚོ་བར་བྱེད་ཅིང་བཀྲེས་སྐོམ་སེལ་བྱེད་གྱི་ཕན་ནུས་དང་ལྡན་པའི་ཟས་སྐོམ་དེ་རིགས་ནི་འབྱུང་བའི་ཁམས་ལས་གྲུབ་པ་ཞིག་སྟེ། དེ་ཡང་ནམ་མཁས་གར་ཁྱབ་ཀྱི་གནས་སུ་འབྱུང་བས་ཁྱབ་ཅིང༌། འབྱུང་བས་གར་ཁྱབ་ཀྱི་གནས་སུ་དེའི་མཚན་ཉིད་དང་བྱེད་ལས་ཀྱིས་ཁྱབ་ནས་ཡོད་པས་ན། ས་སྟེང་འདི་ན་ངོ་ཤེས་མིན་གྱི་ཁྱད་པར་ཙམ་ལས་ལུས་སྲོག་ལ་ཕན་པའི་ཟས་སྨན་མ་ཡིན་པའི་དངོས་པོ་གང་ཡང་ཡོད་པ་མ་ཡིན་ནོ།།
    དེས་ན་སྤྱིར་བཟའ་ཆས་ཀྱི་རིགས་ལ་འབྲུ་རིགས་དང༌། སྔོ་ཚལ། རྩི་ཤིང༌། སྔོ་ལྡུམ། ཤིང་འབྲས། ཚ་རིགས་སོགས་བཟའ་ཆས་ཀྱི་གྲས་དང༌། འཐུུང་བྱའི་རིགས་སུ་ཆུ་དང༌། འོ་མ། ཇ། ཞོ། དར་བ། ཕྱུར་ཁ། ཤིང་འབྲས་ཀྱི་ཁུ་བ་ལ་སོགས་པ་མང་པོ་ཞིག་ཡོད་པ་དེ་དག་ཀུན་གྱིས་མིའི་ཚེ་སྲོག་ཡུན་དུ་གནས་པར་བྱེད་པའི་འཚོ་བཅུད་ཕུན་སུམ་ཚོགས་པོ་ལྡན་པས་ནད་རིགས་བཅོས་ཐུབ་པའི་རིན་ཐང་ལྡན་ལ། ཁྱད་པར་དུ་སྔོ་ཚལ་གྱི་རིགས་ནི་སྐྱེ་དངོས་གཞན་དང་མི་འདྲ་བར་སྐྱེ་འཚར་མགྱོགས་པ་དང་ནུས་པའང་རྣོ་ཞིང་མྱུར་བའི་ཁྱད་ཆོས་དང་ལྡན་ཡོད། དེང་གི་ཆར་སྤྱི་ཚོགས་གང་སར་རྫས་འགྱུར་གྱི་ཟས་སྨན་རིགས་ལས་མ་བཅོས་རང་བྱུང་གསོལ་སྨན་དང་ཟས་རིགས་རྣམས་ནི་མིའི་ལུས་སྲོག་ལ་འཕྲོད་བསྟེན་ལེགས་ཤོས་ཡིན་པ་ཤེས་རྟོགས་བྱུང་ཞིང༌། དེ་ཡིས་བོད་ཀྱི་གསོ་རིག་དང་བཅས་པའི་སྲོལ་རྒྱུན་གསོ་རིག་གི་ལྟ་བ་དང༌། ལུས་ཁམས་བདེ་སྲུང་གི་རིག་པའི་གཞུང་ལུགས་ལ་སྔར་ལྷག་དོ་སྣང་དགའ་ཞེན་ཆེ་མཐོང་བྱེད་བཞིན་ཡོད་པ་རེད། རང་བྱུང་ཁམས་ལས་གྲུབ་པའི་ཟས་རིགས་ཀྱི་དམིགས་བསལ་ཁྱད་ཆོས་ནི་མིའི་ལུས་ཁམས་ལ་གོམས་འདྲིས་ཆེ་ལ་རྒྱུས་མངའ་ལྡན་ཞིང༌། ཀུན་གྱིས་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་ཤུགས་ཆེར་བྱེད་བཞིན་པའི་གྲས་ཀྱང་རེད། ལུས་ཁམས་བདེ་སྲུང་དང་ནད་གཞི་སྔོན་འགོག་བྱེད་པར་ཕན་ནུས་ཀྱང་ཁྱད་པར་ཅན་ལྡན་ཡོད་པས། དེང་སྐབས་འཛམ་གླིང་གི་ས་ཕྱོགས་ཕལ་ཆེར་ཉིན་རེའི་འཚོ་བའི་ནང་ཤ་མིན་སྔོ་ཚལ་དང་འབྲུ་རིགས་སོགས་ལ་དགའ་ཞེན་དང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད། དེ་ལྟར་རང་བྱུང་ཁམས་ལས་གྲུབ་པའི་ཟས་དང་འཐུང་བྱ་དེ་དག་ཆ་ཡོངས་སུ་ཚང་ཤིང་ལེགས་པར་སྒྲུབ་པ་ལ་འབྱུང་བ་ལྔ་ཚང་དགོས་ཤིང༌། དེ་ན་འབྱུང་བ་ལྔ་ལས་གཅིག་མིན་ན་ཡང་མི་སྒྲུབ་པའི་ཚུལ་བསྟན་པ་ནི་འདི་ལྟར་ཡིན་ཏེ། འབྱུང་བ་ས་མེད་ན་གཞི་རྩ་གང་ཡང་གྲུབ་མི་ཐུབ་ཅིང༌། ཆུ་མེད་ན་གཅིག་ཏུ་སྡུད་མི་ནུས། མེ་མེད་ན་ལེགས་པར་སྨིན་མི་ཐུབ། རླུང་མེད་ན་རྒྱ་ཆེར་སྐྱེ་ཞིང་འཕེལ་བར་བྱེད་མི་ནུས། ནམ་མཁའ་མེད་ན་འཕེལ་བའི་གོ་སྐབས་མེད་པ་སོགས་ཡིན་པ་ནི་འབྱུང་བ་ལྔ་ཀའི་ཆ་ཡོངས་སུ་ཚང་གལ་ཆེ་བ་ཡིན་པ་རེད། དེ་ཡང་འབྱུང་བ་གཉིས་ཤས་ཆེ་ལྡན་པ་ལས་རོ་དྲུག་པོ་རྣམས་རེ་རེ་བཞིན་སྐྱེད་པ་ཡིན་ཏེ། དེ་ཇི་ལྟར་ཞེས་ན།
༣ ཆུ་མེ་གཉིས་ཤས་ཆེ་ལྡན་པ་ལས་རོ་ལན་ཚ་བ། ༤ ཆུ་རླུང་གཉིས་ཤས་ཆེ་ལྡན་པ་ལས་རོ་ཁ་བ། ༥ མེ་རླུང་གཉིས་ཤས་ཆེ་ལྡན་པ་ལས་རོ་ཚ་བ། ༦ ས་རླུང་གཉིས་ཤས་ཆེ་ལྡན་པ་ལས་རོ་བསྐ་བ་བཅས་སྐྱེས་པ་རཻད། ཟས་སྐོམ་གྱི་རིགས་ཇི་འདྲ་ཞིག་ཡིན་ཡང་དེ་དག་ལ་རོ་དྲུག་པོ་གང་རུང་དང་ལྡན་པ་ཞིག་ཡིན་དགོས་པ་དང། ཡང་ཟས་སྐོམ་འགའ་ཞིག་ལ་ནི་འབྱུང་བའི་རྟེན་སྟོབས་ཀྱིས་དབང་ལས་རོ་གཉིས་ལས་ཀྱང་མང་བ་རོ་གསུམ་དང། རོ་བཞི། རོ་ལྔ། རོ་དྲུག་སོགས་དང་ལྡན་པ་ཡང་ཡོང་བཞིན་ཡོད། དེ་ཡང་སྨན་རིགས་ལ་ཆ་མཚོན་ན་འབྲས་བུའི་སྨན་ཨ་རུ་ར་རྣམ་རྒྱལ་ལྟ་བ་ནི་གོང་གསལ་ལྟར་རོ་ལྔ་དང་ལྡན་པ། ནུས་པ་ལྕི་སྣུམ་བསིལ་དང་རྟུལ་བ་དང། ཡང་རྩུབ་ཚ་དང་རྣོ་བ་རྣམ་པ་བརྒྱད། ཞེས་ནུས་པ་བརྒྱད་དང་ལྡན་པ། ཡོན་ཏན་འཇམ་དང་ལྕི་དྲོ་སྣུམ་དང་བརྟེན། གྲང་དང་རྟུལ་བ་བསིལ་མཉེན་སླ་དང་སྐམ། སྐྱ་དང་ཚ་བ་ཡང་དང་རྣོ་རྩུབ་གཡོ། བཅུ་དང་བདུན་གྱི་མཚན་ཉི་ཤུ་འཇོམས། ཞེས་ཡོན་ཏན་བཅུ་བདུན་དང་ལྡན་པ་དང། མ་ཟད་ད་དུང་མངར་སྐྱུར་ལན་ཚ་བཅས་ཞུ་རྗེས་གསུམ་དང་ཡང་ལྡན་པས་ན་ནད་རིགས་ཐབས་ཅད་སེལ་བའི་ནུས་པའི་ཁྱད་ཆོས་དང་ལྡན་པ་རེད། གཞན་དུ་ནི་རོ་སྦྱོར་ལྔ་བཅུ་ཙ་བདུན་སོགས་དབྱེ་ཚུལ་མང་དུ་མཆིས་སོ།། དེ་ཡང་ཟས་སྐོམ་གྱི་རོ་དྲུག་པོ་དེ་དག་གི་ངོ་བོ་ཞེས་བྱ་བ་ནི་ཉིན་རེའི་འཚོ་བའི་ནང་ལོངས་སྤྱོད་པའི་ཚེ་ལྕེའི་དབང་པོ་དང་འཕྲད་པའི་ཚེ་ཟས་སྐོམ་གྱི་རོའི་་ངོ་བོ་མངར་སྐྱུར་ལན་ཚ་སོགས་གང་ཡིན་གསལ་བར་འགྱུར་བ་ལས་རྟོགས་པ་ཞིག་ཡིན་ནོ།།
    ༡ དེ་ཡང་མངར་བའི་རོ་དང་ལྡན་པའི་ཟས་སྐོམ་དེ་རིགས་ལྕེར་མྱོང་བའི་ཚེ་ན། ཁའི་ནང་ཡུན་རིང་དུ་ཆགས་ཤིང་རོ་མངར་མོ་ནི་ཤིན་ཏུ་ནས་ཞིམ་པས་ན་སླར་ཡང་ཟ་འདོད་ཀྱི་སྲེད་པ་སྐྱེད་པ། ༢ སྐྱུར་བ་ནི་ཟ་བའི་ཚེ་ཁའི་ནང་གི་སོ་རྣམས་བཙེ་ཞིང་སླར་ཟ་སྙིང་མི་འདོད་པའི་བཞིན་གྱི་གཉེར་མ་བསྡུ་བ་དང། ཁ་ཆུ་འཛགས་པར་བྱེད་དོ།། ༣ ལན་ཚའི་རོའི་ཟས་སྐོམ་རྣམས་ཟ་བའི་ཚེ་ཁའི་མཆུ་དང་རེག་པའི་ཚེ་ན་ཚ་ཞིང་མཆིལ་མ་མང་དུ་འདུ་བ། ༤ ཁ་བའི་ཟས་སྐོམ་རིགས་ཟ་བའི་ཚེ་ཁའི་ནང་གི་ཁ་དྲི་ངན་པ་རྣམས་ཕྱིར་སྦྱོང་ཟས་ཟ་སྙིང་མི་འདོད་པར་ཡི་ག་ལྡོག་པར་བྱེད་དོ།། ༥ ཚ་བས་ནི་ཁ་དང་ལྕེ་གཉིས་ཀ་བསྲེག་ཅིང་མིག་ནས་མིག་ཆུ་འཛགས་པར་བྱེད་དོ།། ༦ རོ་བསྐ་བས་ལྕེ་དང་རྐན་ལ་ཡུན་རིང་དུ་འབྱར་ཞིང་ཆགས་ནས་རེག་བྱ་རྩུབ་སྙམ་བྱེད་པའོ།། རོའི་ངོ་བོ་དང་དབྱེ་བ་དེ་དག་ལེགས་པར་ངོ་ཤེས་པའི་རྗེས། རྒྱུན་དུ་འཚོ་བའི་ནང་རོ་དྲུག་པོ་དེ་དག་དང་ལྡན་པའི་ཟས་སྐོམ་དེ་རྣམས་ལ་ལུས་སྲོག་ལ་ཕན་པའི་ཁྱད་ཆོས་སམ་ཡོན་ཏན་གང་དང་གང་ལྡན་ཡོད་པ་དང། དེ་རྣམས་རྒྱུན་རིང་ལོངས་སྤྱོད་དྲག་ན་འབྱུང་བའི་ཁམས་ལ་གནོད་ཚུལ་ཇི་ལྟར་ཡིན་པ་སོགས་ངོ་ཤེས་པར་བྱ་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་སྣང།       བོད་གཞུང་དབུས་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་འགན་འཛིན་སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་གྱིས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||