བོད་ཀྱི་གསོ་རིག་ངོ་སྤྲོད།

ཟས་རིགས་རང་མདོག་སྐྱུག་པ། ཡང་ན་འཁྲུ་བ་བྱུང་བས་དེ་དག་སེལ་ཐབས་ནི་ནད་པ་རང་ངོས་ནས་བྱ་ཐུབ་པ་ཡིན་ཏེ། ལམ་སེང་ཆུ་ཁོལ་དྲོད་འཇམ་ཚྭ་ཕྲན་བུ་བཏབ་ནས་འཐུང་བ་དང༌། ཕོ་བའི་གནས་སུ་གོས་དྲོ་པོ་གྱོན་ནས་སྐར་མ་༣༠ ནས་༤༥ བར་ལུས་པོ་མ་འཁྱག་པར་དྲོ་པོ་གནང་ན་དྲག་སྐྱེད་འབྱུང་ཐུབ་ཅིང༌། འོན་ཀྱང་ནད་གཞིའི་རྐྱེན་གྱིས་ན་ཟུག་ཆེ་ཆུང་བརྟན་པོར་གནས་ཚེ་དབུས་སྨན་རྩིས་ཁང་ནས་བཟོས་པའི་ཚ་དུགས་དེ་དག་དྲོད་འཇམ་བཟོས་ཏེ་ལུས་ཀྱི་སྨད་ཀྱི་ཆ་རྒྱུ་ལོང་དང་རྒྱབ་ཀྱི་སྒལ་ཚིགས་༡༢ ༡༥ ༡༦ ༡༧ བཅས་སུ་ཚ་དུགས་རྒྱག་པའི་མ་ཞུ་བའི་ན་ཟུག་འཕྲལ་དུ་བཅོག་པར་བྱེད་ཐུབ་པ་རེད། དེ་ལྟར་བྱས་ཀྱང་ནད་གཞི་ཛ་དྲག་ཆེ་རུ་འགྲོ་ཚེ་ལམ་འཕྲལ་སྨན་ཁང་དུ་ཁྲིད་དེ་སྨན་པའི་སར་རྩ་ཆུའི་བརྟག་པ་དང༌། ནད་རྟགས་སློང་རྐྱེན་སོགས་ལ་བརྟག་དཔྱད་གཟབ་ནན་གྱིས་སྨན་བཅོས་བྱ་གལ་ཆེ། གསུམ་པ་ནི། རྒྱུན་དུ་ཀུན་ནས་ཟས་རིགས་ཀྱི་ཚོད་རན་པར་བསྟེན་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བ་ཡིན་ཏེ་ཐོག་མ་ནས་ཟས་རིགས་གང་བསྟེན་དགོས་ཀྱང་ཟས་དེའི་ནུས་པ་ལྕི་བ་དང༌། ཡང་བ་གཉིས་ཀྱི་ཚད་ལས་རྗེས་སུ་དཔག་ཏེ་བསྟེན་དགོས་པ་ཡིན་ཏེ། དེ་ཡང་ཤིང་འབྲས་ལེགས་པར་མ་སྨིན་པ་དང་གྲང་ཚལ། ཆུ་གྲང་སོགས་ཟས་སྐོམ་ལྕི་བའི་རིགས་རྣམས་ནི་འབྱུང་བ་ས་དང་ཆུ་གཉིས་ཀྱི་ནུས་པ་མང་བ་ཡོད་པའི་རྒྱུ་མཚན་ལ་བརྟེན་ནས་ནུས་པ་ལྕི་བ་ཡིན་ཏེ། ཟས་སྐོམ་དེ་རིགས་ནི་ཐོག་མ་ལོངས་སྤྱོད་སྐབས་ཀྱང་ཕོ་བའི་ཕྱེད་ཙམ་བགྲང་བར་བཟའ་ཞིང༌། རྩམ་པ་དང་འབྲས་ལེགས་པར་བཙོས་པ། གྲོ་དང་སྲན་མ་སོགས་འབྲུ་རིགས་ལེགས་པར་སྨིན་པ་སོགས་ལས་བཟོས་པའི་ཟས་རིགས་རྣམས་ནི་ནུས་པ་ཡང་བ་དང༌། འཇུ་བདེ་བ་ཡིན་པས་ན་ཕོ་བའི་ཆ་གཉིས་ཙམ་བསྐང་སྟེ་མཆོད་ན་འགྲིག་པ་ཡིན། ཆ་གསུམ་པ་དེ་གསོལ་ཇ་དང་ཤིང་འབྲས་ཀྱི་ཁུ་བ་སོས་པ། ཆུ་ཁོལ་གྲང༌། འོ་མ་དང་ཞོ་ལ་སོགས་པ་སྐོམ་རིགས་ཀྱིས་བསྒངས་པ་སྟེ་འཐུང་དགོས་པ་དང༌། ཆ་བཞི་པ་ནི་བད་ཀན་མྱག་བྱེད་དང་མཁྲིས་པ་འཇུ་བྱེད། ཕོ་བའི་ནང་རླུང་མེ་མཉམ་བཅས་མེ་དྲོད་རྣམ་པ་གསུམ་གྱི་མྱག་ཞུ་དྭངས་སྙིགས་འབྱེད་པའི་གནས་སུ་འཇོག་གལ་ཆེ་བ་ཡིན།
 མེ་དྲོད་རྣམ་པ་གསུམ་པོ་ནི་གཙོ་བོ་ཕོ་བའི་ནང་དང་དེའི་ཆ་ཤས་ནི་ལུས་ཟུངས་ཀྱི་དྭངས་མ། ཁྲག ཤ། ཚིལ། རུས་པ། རྐང༌། ཁུ་བ་དཀར་དམར་གཉིས་ཀའི་ནང་དང་དེ་མ་ཟད་ལུས་ཟུངས་ཀྱི་རྙིགས་མ་སྟེ་བཤང་བ་དང༌། གཅིན། རྔུལ་བཅས་པའི་ནང་དུའང་གནས་ཤིང་རང་རིགས་ལུས་འདི་ཉིད་ལ་ཕན་པའི་ལས་བྱེད་པ་ནི་གསོ་རིག་གཞུང་ལས་མེ་དྲོད་ཅེས་བྱ་འཇུ་བའི་གཞི་ཡིན་ཏེ། འཇུ་བར་བྱེད་པའི་མཁྲིས་པ་དེ་ལ་བཤད།། ནད་དང་ལུས་ཟུངས་དྲི་མ་ཀུན་གྱི་དྲོད།། དེ་ཡིས་ནད་མེད་བཙོན་དང་གཟི་མདངས་དང༌།། ཚེ་དང་ལུས་ཟུངས་མེ་དྲོད་སྟོབས་འཕེལ་བྱེད།། ཞེས་མེ་དྲོད་ལེགས་པ་ནི་འབྱུང་འགྱུར་དུས་སུ་བད་མཁྲིས་ལྷེན་དང་ལྕགས་དྲེགས་གཅོང་གི་སྡེ། འཁྲུ་སྐྱུགས་འབྲས་དང་སུརྱ་གཅོང་གི་སྡེ།། དྲེག་གྲུམ་ཆུ་ཟེར་ཐིག་ནག་གཅོང་གི་སྡེ།། འོར་དང་སྐྱ་རྦབ་དང་དམུ་སྐྲན་གཅོང་གི་སྡེ།། ཞེས་སོགས་གཅོང་ཆེན་སྡེ་བཞི་ཟུང་བརྒྱད་ཕྲ་མ་བཅུ་དྲུག་སོགས་དེང་རང་རིགས་སྤྱི་ཚོགས་ནང་བཅོས་དཀའི་ནད་རིགས་གོང་གསལ་འདི་རྣམས་ལ་ནང་གསེས་དབྱེ་བ་ཤིན་ཏུ་མང་པོ་ཡོད་པ་དེ་ཀུན་སྔོན་འགོག་ཐུབ་པར་སོང་ཀུན་གྱིས་རང་དོན་དང་རང་གཅེས་བྱ་གལ་ཆེ་བས་རྟག་ཏུ་ཟས་སྤྱོད་སྤང་བླངས་ལ་དོ་སྣང་དང་ཉམས་ལེན་མ་འཕྱུག་པ་བྱ་གལ་ཆེ་བ་ནི་ཇི་སྐད་དུ་གཞུང་ལས། རྟག་ཏུ་ཕན་པའི་ཟས་དང་སྤྱོད་ལམ་རྣམས།། ཉམས་ལྡན་བསྟེན་པར་བྱེད་ན་ནད་མི་འབྱུང༌།། ཞེས་གསུངས་ཡོད་པ་དགོངས་འཇག་འཚལ།
སྨོན་ཚིག་ཏུ། གངས་ཅན་གསོ་རིག་ཇི་ཡིན་ངོ་སྤྲོད་དང༌།། རང་གཞན་ཀུན་གྱིས་རྒྱུན་དུ་ཟས་སྤྱོད་སོགས།། ཚུལ་བཞིན་བསྟེན་གལ་ཆེ་བའི་གསལ་བཤད་དུ།། བཀོད་པ་འདིས་མཚོན་རྣམ་དཀར་དགེ་ཚོགས་ལས།།  གངས་ཅན་མགོན་པོའི་སྐུ་ཚེ་རབ་བརྟན་ཅིང༌།། ཐུགས་བཞེད་མཐའ་དག་འབད་མེད་ལྷུན་འགྲུབ་ཤོག། འགྲོ་ཕན་སྨན་རྩིས་བསྟན་པ་རབ་ཏུ་རྒྱས།། དེ་འཛིན་སྐྱེས་བུའི་ས་སྟེང་ཡོངས་ལ་ཁྱབ།། ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།། གཞིས་བྱེད་མཉམ་འཛོམས་དགའ་སྟོན་མྱུར་དུ་འཆར།། འཛམ་གླིང་ཞི་བདེ་རྟག་ཏུ་གནས་གྱུར་ཅིག་ཅེས་བོད་གཞུང་སྨན་རྩིས་ཉམས་ཞིབ་འགན་འཛིན་སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་གྱིས་༢༠༠༨ ཕྱི་ཟླ་༡༢ ཚེས་༢༤ ལ།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||