ཕག་པའི་ཆམ་རིམས་ཀྱི་སྔོན་འགོག

ལྷག་པར་དུ་ཉིན་རེའི་འཚོ་བའི་ཟས་རིགས་དང་འཐུང་ཆུ། གྱོན་ཆས་དང་ལུས་ཁམས་བཅས་པར་གཙང་བཟོ་བདག་ཉར་གང་གཟབ་གནང་གལ་ཆེ་བ་མ་ཟད་ཕར་ཚུར་འགྲོ་སྐྱོད་སྐབས་མང་ཚོགས་འདུ་འཛོམས་ཆེ་སར་ཁ་རས་གྱོན་དགོས་པ་དང་། བོད་གཞུང་དབུས་སྨན་རྩིས་ཁང་ནས་གཙོ་བོ་མི་མང་རྣམས་ལ་རིམས་ནད་མཐའ་དག་མི་ཡོང་སྔོན་འགོག་ཆེད་དུ་དཔལ་ལྡན་རྒྱུད་བཞིའི་ནང་གསལ་ལྟར་རིམས་བསྲུང་ནག་པོ་དགུ་སྦྱོར་གྱི་རིལ་བུ་འདི་ཉིད་མི་ནད་མེད་བདེ་ཐང་ཀུན་གྱིས་མགུལ་དུ་རིལ་བུ་རེ་བཏགས་ཏེ་ཉིན་རེར་སྔ་ཉིན་དགོང་གསུམ་དུས་ཐེངས་རེར་སྣར་དྲི་འཐེན་བྱས་ན་རིམས་ནད་འགོས་ཁྱབ་ལས་སྲུང་ཐུབ་ཅིང་། ལྷག་པར་རིམས་ནད་དར་ཁྱབ་འབྱུང་བཞིན་པའི་ཡུལ་དུ་འགྲོ་སྡོད་བྱ་དགོས་རིགས་ནས་རིན་ཆེན་གྲངས་སྦྱོར་རིལ་ནག་ཆེན་མོ་དང། རིན་ཆེན་མང་སྦྱོར་ཆེན་མོ་གང་རུང་རེ་འབྱུང་ཁམས་གྲང་ཤས་ཅན་ལ་མང་སྦྱོར་དང་ཡང་འབྱུང་ཁམས་ཚ་ཤས་ཅན་ལ་གྲང་སྦྱོར་རིལ་ནག་བཅས་འབྱུང་ཁམས་དང་བསྟུན་ཏེ། རིམས་ནད་གང་དག་དར་ཁྱབ་ཀྱི་ཡུན་དུ་ཉིན་བདུན་རེའི་མཚམས་རིལ་བུ་རེ་མཆོད་དེ་ཉ་ཕག་སྒོང་གསུམ་དང། མངར་སྐྱུར་གྱི་ཟས་སྐོམ་རིགས་སྤངས་ན་རིམས་ནད་འགོ་ཕོག་མི་ཐུབ་པ་མ་ཟད་ལུས་ཁམས་བདེ་ཐང་ངང་ཚེ་སྲོག་ཡུན་དུ་གནས་ཐུབ་པའི་དགེ་མཚན་ཆེའོ།། དེ་ཉིན་སྔ་དགོང་དུས་སུ་མཆོག་གསུམ་ལ་སྐྱབས་འགྲོ་སེམས་བསྐྱེད་དང། སྨན་བླའིི་གཟུང་སྔགས་དང། མཎི་ཡིག་དྲུག དཔལ་ཕྱག་རྡོར་དང། དྲག་པོ་གསུམ་འདྲིལ་གྱི་གཟུང་སྔགས་སོགས་བཟླས་བརྗོད་གང་ཐུབ་གནང་ན་རང་གཞན་ཀུན་ལ་ཚེ་རིང་། ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས་ཤིང། མཁའ་ཁྱབ་ཀྱི་སེམས་ཅན་ཀུན་བླ་མེད་རྫོགས་བྱང་ཐོབ་པའི་རྒྱུ་རུ་འགྲོ་བ་སོགས་སྒོ་གསུམ་ཆོས་སྤྱོད་ཀྱི་བྱ་བར་འཇུག་གལ་ཆེ་བར་སྣང་།
    ནད་ཅན་ཡིན་ན་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་གཉན་རིམས་འགོས་ནད་ཅན་ལ་བཅོས་ཐབས་ཟབ་ཅིང་རྒྱས་པར་བསྟན་ཡོད་པས། ནད་ཅན་རང་ཉིད་ནས་སྣང་ཆུང་དང་ལྷོད་ཡངས་སུ་མ་བཏང་བར་བོད་ལུགས་གསོ་རིག་སྨན་པའི་སར་ངོ་བཅར་ཐོག་བརྟག་དཔྱད་སྨན་བཅོས་ཆ་ཚང་གནང་ན་རིམས་འགོས་ནད་ཅན་འདི་དག་ལས་གྲོལ་ངེས་ཡིན་པ་བཅས་དགོངས་འཇགས་འཚལ་ཞེས་བོད་གཞུང་དབུས་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་འགན་འཛིན་སྨན་རམས་པ་བསྟན་འཛིན་ལྷ་སྒྲོན་གྱིས།།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||