ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།

ངས་བོད་དུ་བསྡད་ནས་ཕན་པ་མི་འདུག་གསུངས་ཕྱིར་ལོག་མཛད་ཅེས་དང༌། ཡང་འགའ་ཤས་ཀྱིས་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་པའི་ཚེ་མདོ་ཟ་མ་ཏོག་རླུང་གིས་འཁྱེར་ཏེ་ཡུམ་བུ་གླ་སྒང་གི་རྩེར་བབས་པས་བོད་དུ་ཆོས་དར་བའི་རྟེན་འབྲེལ་འགྲིགས་ཞེས་གསུངས་ཞེས་གསལ་འདུག
    སྤྱིར་བཏང་བཤད་སྲོལ་ལ། བོད་དུ་ནང་ཆོས་དར་རྒྱས་དང༌། འཕེལ་རིམ་སོང་བའི་འགྱུར་རླབས་ཀྱི་རྣམ་པ་མི་འདྲ་བའི་དུས་ཚིགས་ཆེན་པོ་གསུམ་དུ་བགྲང་གི་ཡོད་དེ། ཐོག་མར་དབུ་བརྙེས་པ་དང༌། བར་དུ་སྲོལ་གཏོད་པ། མཐའ་མར་དར་ཞིར་རྒྱས་པར་མཛད་པ་བཅས་ཡིན་ཞིང༌། དེ་ཡང་ཐོག་མར་དབུ་བརྙེས་སའི་དུས་ཚིགས་ནི། ཡོངས་གྲགས་ལ་བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་སུ་ཡིན་པ་དང༌། སྲོལ་གཏོད་པ་པོ་ནི་བོད་ཀྱི་རྒྱལ་རབས་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་ཡིན་པ། དར་ཞིང་རྒྱས་པར་མཛད་མཁན་ནི་བོད་ཀྱི་རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་དུས་ཡིན་པ་བཅས་བཤད་ཡོད།
ལོ་རྒྱུས་ཕལ་ཆེ་བའི་ནང་དུ་རྒྱལ་པོ་འདི་སྔོན་ལ་བོད་ཀྱི་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཚུལ་གསལ།
    བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ཐོ་ཐོ་རི་གཉན་བཙན་འདི་ཉིད་འཁྲུངས་འདས་ཀྱི་ལོ་ཚིགས་ཡོངས་གྲགས་གོང་བརྗོད་རྫ་དཔལ་སྤྲུལ་རིན་པོ་ཆེ་དང༌། འཇུ་མི་ཕམ་གཉིས་ཀྱི་བཞེད་ཚུལ་ཕྱི་ལོ་༣༧༣ ལོར་སྐུ་འཁྲུངས་པ་དང༌། ཕྱི་ལོ་༤༩༣ ལོར་སྐུ་འདས་ལུགས་གསུངས་པ་ལྟར་རང་ལུགས་སུ་བཟུང་ཡོད་ཀྱང༌། དེ་མ་ཡིན་པའི་རྒྱལ་པོ་ཐོ་ཐོ་རི་གཉན་བཙན་སྐུའི་འཁྲུངས་འདས་ཀྱི་ལོ་ཚིགས་ལ་བཞེད་པ་མི་མཐུན་པ་ཧ་ཅང་གིས་མང་པོ་ཡོད་འདུག དཔེར་ན། ངའི་མིག་ལམ་དུ་ཟིན་པའི་འཁྲུངས་ལོ་ལ་བཞེད་པ་མི་འདྲ་བ། སྐུ་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་ཕྱི་ལོ་༡༧༣ ལོར་འཁྲུངས་པར་འདོད་དང༌། སུམ་པ་མཁན་ཆེན་གྱིས་ཕྱི་ལོ་༢༤༤ ལོར་འཁྲུངས་པར་འདོད། བཻ་དཀར་ནང་ཕྱི་ལོ་༢༥༥ ལོར་འཁྲུངས་པར་འདོད། སྡེ་སྲིད་ཀྱི་བཻདཀར་གཡའ་སེལ་ལས་ཕྱི་ལོ་༣༣༢ ལོར་འཁྲུངས་པར་འདོད། དགེ་ཡེ་བ་ཚུལ་ཁྲིམས་སེང་གེའི་ཆོས་འབྱུང་དུ་ཕྱི་ལོ་༣༤༧ ལོར་འཁྲུངས་པར་འདོད། ས་སྐྱའི་ཡིག་རྙིང་དང༌། དུས་གསལ་སྒྲོན་མེ། ངོར་པའི་ཆོས་འབྱུང་བཅས་ཀྱིས་ཕྱི་ལོ་༣༤༨ ལོར་འཁྲུངས་པར་འདོད། ས་ཆེན་གྱིས་ཕྱི་ལོ་༤༠༦ ལོར་འཁྲུངས་པར་འདོད། འགྲོ་མགོན་འཕགས་པས་ཕྱི་ལོ་༣༦༦ ལོར་འཁྲུངས་པར་འདོད། གཡས་རུ་སྟག་ཚང་དང༌། མཁས་པ་དགའ་བྱེད་ལྟར་ན་ཕྱི་ལོ་༤༡༩ ལོར་འཁྲུངས་པར་འདོད།
    ཐོ་ཐོ་རིའི་འདས་ལོ་ལ་བཞེད་པ་མི་མཐུན་པ་ནི། སྐུ་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་བོད་ཀྱི་སྲིད་དོན་རྒྱལ་རབས་ལས། རྒྱལ་པོ་དགུང་ལོ་དྲུག་ཅུ་ཐམ་པར་ཕེབས་པའི་ཚེ་ཕོ་བྲང་ཡུམ་བུ་གླ་མཁར་དུ་བཞུགས་པའི་སྐབས་ཤིག་ལ་དམ་པའི་ཆོས་ཀྱི་གླེགས་བམ་དང༌། རྟེན་འགའ་ཤས་ཕྱག་ཏུ་འབྱོར་བ་དེ་དག་གི་དོན་མ་མཁྱེན་ཅིང༌། བློན་པོ་རྣམས་ལ་ནམ་མཁའ་ནས་བབས་སོ་ཞེས་གསུངས་ཏེ། རྟེན་འདི་དག་ལ་གཉན་པོ་གསང་བ་ཞེས་མཚན་གསོལ་ནས་མཆོད་པ་དང་བཅས་བཞུགས་སུ་གསོལ་བས་མཐུས་རྒྱལ་པོའི་སྐུ་ཚེ་བསྲིངས་ནས་དགུང་ལོ་བརྒྱ་དང་ཉི་ཤུ་བར་བཞུགས་ཞེས་གསུངས་པ་ལྟར་ན་ཕྱི་ལོ་༢༩༣ ལ་འདས་ལོ་འཁེལ་བ་དང༌། སུམ་པའི་ཆོས་འབྱུང་ལྟར་ན་ཕྱི་ལོ་༣༩༣ ལོར་འདས། སུམ་པའི་བུ་རྩིས་ལྟར་ན་ཕྱི་ལོ་༣༦༤ ལོར་འདས། རྒྱའི་ལོ་རྒྱུས་དང༌། བཻ་དཀར་ནང་ཕྱི་ལོ་༣༧༢ ལོར་འདས། ས་ཆེན་གྱིས་ཕྱི་ལོ་༥༢༦ ལོར་འདས། ས་སྐྱའི་ཡིག་རྙིང་དུས་གསལ་སྒྲོན་མེ་ལས་ཕྱི་ལོ་༥༢༧ ལོར་འདས།
བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་པ་རྣམས་ཀྱི་དབང་དུ་བཞག་ན། བོད་རྒྱལ་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་འདི་ཉིད། ལ་ལས། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་སྤྲུལ་ཡིན་པར་འདོད་པ་དང༌། ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས། ཕྱག་ན་རྡོ་རྗེའི་སྤྲུལ་པ་ཡིན་པར་བཤད་ཡོད། ལྡེའུ་ཆོས་འབྱུང་གི་ནང་དུ་ས་ཡི་སྙིང་པོའི་སྤྲུལ་ཡིན་པར་བཤད།
རྒྱལ་པོ་འདིའི་མཚན་ཐོགས་སྟངས་ལ། རྒྱལ་པོ་ཐོག་རྗེ་ཐོག་བཙན་ཞེས་བྱ་བ་ལས། སྲས་རྒྱལ་བུ་བཞི་འཁྲུངས་ནས། བྱད་ལ་མཐོ་དོ་ཡོད་པ། རྣ་བ་བོང་བུའི་རྣ་བ་ཙམ་ཡོད་པ་བྱུང་སྐད། རྒྱལ་པོ་ན་རེ། འདི་ལྟས་ངན་ཡིན་ནམ། བཟང་པོའི་ལྟས་ཡིན་མི་ཤེས་པས། ཕྱིའི་མི་རྣམས་ལ་མ་བཤད་ཅིག་ཟེར་བ་ལ། བློན་པོ་ཞིག་བཤད་དུ་ནི་འདོད་བཤད་དུ་མེད་པས་མ་བདེ་སྟེ། རོ་སྟོད་རྒྱངས་ཤིང་ན་བས། ཁོས་བྱི་ཁུང་གི་བུག་པ་ཞིག་ན་ཕར་ཁ་བཙུམས་ནས། ངེད་ཀྱི་རྒྱལ་པོ་ལ་སྲས་རྒྱལ་བུ་བྱད་ལ་འཐོ་དོ་ཡོད་པ། རྣ་བ་བོང་བུའི་རྣ་བ་ཙམ་ཡོད་ཞིག་ཡོད་དོ་སྨྲས་པས། ཐམས་ཅད་ཀྱིས་ཐོས་ཏེ། གླེང་བ་ཞིག་བྱུང་བས། བྱི་ཁུང་དུ་སྨྲས་པའི་རྣམ་ཐར་ཡིན་པ་ཞེས་ཀྱང་གྲགས་ལ། མཚན་ཡང་ལྷ་ཐོ་དོ་རི་སྙན་ཤལ་བྱ་བ་ཡིན་ནོ་ཞེས་ཀློང་ཆེན་ཆོས་འབྱུང་ལས་གསལ་བར་སྣང༌། རྒྱལ་པོ་འདིའི་བློན་པོ་ནི་དར་སྟོན་ཏང་བྱ་བ་ཡིན་པ་དང༌། སྲིད་པ་རྒྱུད་ཀྱི་ཁ་བྱང་ལས། གཙོ་བོན་གཡང་བསྐྱིད་དང༌། འཚེ་གཤེན་དུ་སྤྲོ་གཉིས་སོགས་ཡིན་པར་བཤད།

འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Share on Facebook0Tweet about this on TwitterShare on Google+0Share on LinkedIn0Email this to someone
0 commentsViews: 12

Leave a Reply