ལེའུ་གཉིས་པ། བོད་བཙན་པོའི་དུས་རིམ།

ཉེར་གསུམ་པ་ལྡེ་སྤྲིན་བཙན་བཅས་ཀྱི་བར་དུ་རྒྱལ་རབས་བརྒྱད་ལ་ཟེར། ལ་ལས། རྒྱལ་རབས་འདི་དག་ལ་ས་ལ་ལྡེ་བརྒྱད་དང་བར་གྱི་ལྡེ་བརྒྱད་ཅེས་ཀྱང་བརྗོད་སྲོལ་འདུག ཆུ་ལ་ལྡེ་བརྒྱད་ཅེས་བརྗོད་དོན་ནི། རྒྱལ་རབས་དེ་དག་གི་བང་སོ་ཆུ་བོའི་གཞུང་ལ་བཏབ་པས་ན་ཆུ་ལ་ལྡེ་བརྒྱད་ཅེས་འབོད་པར་གྲགས།
    ཏུན་ཧོང་ཡིག་ཆ་ལས་རྒྱལ་པོ་འདི་དག་གི་མཚན་ལ་འདི་བཞིན་འབྱུང་སྟེ།(P.T. 1286)ཨི་ཤོ་ལེག་གྀ་སྲས། ཟྭ་གནམ་ཟྀན་ཏེ། ཟྭ་གནམ་ཟྀན་ཏེ་འི་སྲས། ལྡེ་པྲུ་བོ་གནམ་གཞུང་བཙན། གནམ་གཞུང་བརྩན་གྱྀ་སྲས། ལྡེ་གོལ། ལྡེ་གོལ་གྱི་སྲས། གནམ་ལྡེ་རྣོལ་ནམ། གནམ་ལྡེ་རྣོལ་ནམ་གྱི་སྲས། བསེའ་རྣོལ་པོ། བསེ་རྣོལ་པོའི་སྲས། ལྡེ་རྒྱལ་པོ། ལྡེ་རྒྱལ་པོ་འི་སྲས། རྒྱལ་སྲྀན་བརྩན་བཅས་འབྱུང༌། དུས་རྒྱུན་རྒྱལ་རབས་འདི་དག་ལ་ཆུ་ལ་ལྡེ་བརྒྱད་ཅེས་འབོད་པའི་རྒྱལ་རབས་བརྒྱད་ཙམ་ཡོད་དགོས་པར་བསམས་ཀྱང༌། ཏུན་ཧོང་ཡིག་ཆར་རྒྱལ་རབས་འདི་དག་གི་སྐབས་སུ་རྒྱལ་པོ་བདུན་གྱི་མཚན་ལས་མི་འབྱུང་ཞིང༌། རྒྱལ་པོ་བདུན་པོ་དེ་དག་གི་མཚན་བྱང་བརྩི་སྟངས་ཀྱང་ཅུང་མི་འདྲ་བར་འདུག་ལ། ཡོངས་གྲགས་ལ་བོད་ཀྱི་རྒྱལ་རབས་ཞེ་གཉིས་ཞེས་འབོད་པར། ཏུན་ཧོང་ཡིག་ཆའི་ནང་དུ་བོད་ཀྱི་རྒྱལ་རབས་ཞེ་གཅིག་ལས་ཞེ་གཉིས་འབྱུང་གི་མེད་པ་ལྟ་བུ་ཡོད་པས། རྒྱལ་རབས་གཅིག་འདིའི་ཐད་ནས་ཆད་སོང་བ་མིན་ནམ་སྙམ།
    རྒྱལ་རབས་འདི་དག་གི་སྐོར་ལ་དེབ་ཐེར་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས་འདི་བཞིན་འབྱུང་སྟེ། ཨི་ཤོ་ལེགས་དང་རྨུ་ལྕམ་སྨད་ལེགས་ཀྱི་སྲས་ཟ་ནམ་ཟིན་ལྡེ། དེ་དང་མཚོ་སྨན་ཁྲི་དཀར་གྱི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེ་དང་སེ་སྙན་མང་མའི་སྲས་སེ་སྣོལ་གནམ་ལྡེ། དེ་དང་ཀླུ་མོ་མེར་མའི་སྲས་སེ་སྣོལ་པོ་ལྡེ། དེ་དང་འོ་མ་སྟེ་མོ་མཚོའི་སྲས་ལྡེ་སྣོལ་ནམ། དེ་དང་ཁྲི་སྨན་རྗེ་མའི་སྲས་ལྡེ་རྣོལ་པོ། དེ་དང་མེ་བཙན་གཉན་རྗེའི་སྲས་ལྡེ་རྒྱལ་པོ། དེ་དང་སྨན་བཙུན་ལུག་སྒོང་གི་སྲས་ལྡེ་སྤྲིན་བཙན། དེ་དག་ལྡེ་བརྒྱད་དེ་བང་སོ་ཆུ་བོའི་གཞུང་ལ་བཏབ་བོ་ཞེས་གསལ།  
    དྲུག་པ་འོག་གི་བཙན་ལྔའི་སྐོར་ལ་གླེང་བ། འོག་གི་བཙན་ལྔ་ཞེས་པ་ནི། བོད་ཀྱི་རྒྱལ་རབས་ཉེར་བཞི་པ་ལྟོ་རེ་ལོང་བཙན་དང༌། ཉེར་ལྔ་པ་ཁྲི་བཙན་ནམ། ཉེར་དྲུག་པ་ཁྲི་སྒྲ་དཔུང་བཙན། ཉེར་བདུན་པ་ཐོག་རྗེ་ཐོག་བཙན། ཉེར་བརྒྱད་པ་ཐོ་ཐོ་རི་གཉན་བཙན་བཅས་རྒྱལ་རབས་ལྔ་ལ་ཟེར་གྱི་ཡོད། འོག་གི་བཙན་ལྔའི་མཐའ་མ་དང༌། རྒྱལ་རབས་ཉེར་བརྒྱད་པ་ཐོ་ཐོ་རི་གཉན་བཙན་འདི་ཉིད་ཀློང་ཆེན་ཆོས་འབྱུང་ལྟར་ན། གཤམ་གསལ་ཏུན་ཧོང་ཡིག་ཆ་དང་བཞེད་ཚུལ་ཆེས་ཉེ་བ། རྒྱལ་པོ་འདིའི་ཡབ་ཐོག་རྗེ་ཐོག་བཙན་དང༌། ཡུམ་རུ་ཡོང་བཟའ་སྟོང་རྒྱལ་ན་མོ་ཚོའི་སྲས་སུ་འཁྲུངས་པར་གསལ་ཡོད། ལ་ལས། རྒྱལ་རབས་འདི་དག་ལ་ཚིགས་ཀྱི་བཙན་ལྔ་ཞེས་པའང་བརྗོད་པར་སྣང༌།
    ཏུན་ཧོང་ཡིག་ཆའི་ནང་དུ་འོག་གི་བཙན་ལྔའི་མཚན་བྱང་འདི་བཞིན་འབྱུང་སྟེ། (P.T. 1286)རྒྱལ་སྲིན་བརྩན་གྱྀ་སྲས། རྒྱལ་པོ་ཏོ་རེ་ལོངས་བརྩན། རྒྱལ་ཏོ་རེ་ལོངས་བརྩན་གྱི་སྲས་ཁྲི་བརྩན་ནམ། ཁྲྀ་བརྩན་ནམ་གྱྀ་སྲས། ཁྲི་སྒྲ་སྦུང་བརྩན། ཁྲྀ་སྒྲ་སྦུང་བརྩན་གྱི་སྲས། ཁྲྀ་ཐོག་ཁྲི་ཐོག་བརྩན། ཁྲྀ་ཐོག་ཁྲི་ཐོག་བརྩན་དང༌། རུ་ཡོང་ཟ་སྟོང་རྒྱལ་མཚོ་མར་བཤོས་པ་འྀ་སྲས། ལྷ་ཐ་དོ་སྙ་བརྩན་ཞེས་འབྱུང་ངོ༌། །
    བོད་དུ་དམ་པའི་ཆོས་སམ་ནང་ཆོས་དབུ་བརྙེས་པའི་དུས་རིམ་ཐད། ལ་ལས། བོད་ཀྱི་རྒྱལ་རབས་བརྒྱད་པ་གྲི་གུམ་བཙན་པོའི་སྐབས་སུ་བོད་དུ་ནང་ཆོས་ཐེངས་ཤིག་དར་མགོ་ཚུགས་པར་བཤད་དེ། སྐབས་དེར་བོད་དུ་ནང་ཆོས་དར་མགོ་ཚུགས་པ་དེའི་དབང་གིས་རྒྱལ་པོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་འཁྲུགས་རྐྱེན་དུ་གྱུར་སོང་ཚུལ་སོགས་བརྗོད་ཡོད། གང་ལྟར་བོད་དུ་ནང་ཆོས་ཐེངས་དང་པོ་ནི་རྒྱལ་པོ་གྲི་གུམ་བཙན་པོའི་སྐབས་སུ་དར་མགོ་ཚུགས་རབས་ཤོད་མཁན་ཡང་ཡོད། ཡོངས་གྲགས་ལ་བོད་དུ་དམ་པའི་ཆོས་ཀྱི་དབུ་བརྙེས་དུས་ནི། བོད་ཀྱི་རྒྱལ་རབས་ཉེར་བརྒྱད་པ་ལྷ་ཐོ་ཐོ་རི་གཉན་བཙན་དགུང་ལོ་དྲུག་ཅུ་ལ་ཕེབས་དུས་ནང་ཆོས་དབུ་བརྙེས་ཡོད་ལུགས་གསལ་ཏེ། དེ་ལ་སྐུ་ངོ་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་མཛད་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ལྟར་ན་ལྷ་ཐོ་ཐོ་རི་གཉན་བཙན་ཕྱི་ལོ་༡༧༣ ལོར་འཁྲུངས་པ་དང༌། བོད་དུ་ནང་པའི་ཆོས་ཀྱི་དབུ་བརྙེས་དུས་ནི་ཐོ་ཐོ་རི་གཉན་བཙན་དགུང་ལོ་དྲུག་ཅུ་ལ་ཕེབས་པ་ཕྱི་ལོ་༢༣༣ ཞེས་གསལ་ཡང༌། ཡོངས་གྲགས་མང་ཆེ་བས་བཞེད་ཚུ་ལ་འཇུ་མི་ཕམ་དང༌། རྫ་དཔལ་སྤྲུལ་རིན་པོ་ཆེ་རྣམ་གཉིས་ཀྱིས་ཐོ་ཐོ་རི་གཉན་བཙན་ནི་ཕྱི་ལོ་༣༧༣ ལོར་འཁྲུངས་པ་དང༌། ཕྱི་ལོ་༤༩༣ ལོར་གཤེགས་ཞེས་གསུངས་པ་ལྟར། ཐོ་ཐོ་རི་གཉན་བཙན་དགུང་ལོ་དྲུག་ཅུའི་ཐོག་ཏུ་བོད་དུ་ནང་ཆོས་དབུ་བརྙེས་པའི་ལོ་ཚིགས་ལ་བཀོད་ན། ཕྱི་ལོ་༤༣༣ ལོར་ཡིན་ལུགས་གསུངས་པ་ལྟར་ངེས། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གི་བོད་ཀྱི་སྲིད་དོན་རྒྱལ་རབས་ལྟར་ན་རྒྱལ་པོ་དེའི་སྐབས་སུ་དམ་པའི་ཆོས་ཀྱི་དབུ་བརྙེས་སྟངས་ལ་འདི་བཞིན་གསལ་ཏེ། རྒྱལ་པོ་དེ་དགུང་གྲངས་དྲུག་ཅུ་ཐམ་པར་ཕེབས་པའི་ཚེ་ཕོ་བྲང་ཡུམ་གླ་མཁར་དུ་བཞུགས་པའི་སྐབས་ཤིག་ལ་དམ་པའི་ཆོས་ཀྱི་གླེགས་བམ་དང༌། རྟེན་འགའ་ཤས་ཕྱག་ཏུ་འབྱོར་བ་དེ་དག་གི་དོན་མ་མཁྱེན་ཅིང༌། བློན་པོ་རྣམས་ལ་ནམ་མཁའ་ནས་བབས་སོ་ཞེས་གསུངས་ཏེ། རྟེན་འདི་དག་ལ་གཉན་པོ་གསང་བ་ཞེས་མཚན་གསོལ་ནས་མཆོད་པ་དང་བཅས་བཞུགས་སུ་གསོལ་བས་མཐུས་རྒྱལ་པོའི་སྐུ་ཚེ་བསྲིངས་ནས་དགུང་ལོ་བརྒྱ་དང་ཉི་ཤུ་བར་བཞུགས། རྒྱལ་པོའི་རྨི་ལམ་དུ་ད་ནས་མི་ཐོག་ལྔའི་རྗེས་སུ་དེའི་དོན་ཤེས་པར་འགྱུར་ཞེས་ལུང་བསྟན་བྱུང་ཞེས་གསལ་འདུག
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||