ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ལྟ་སྐོར་འགྲོ་བཞིན་པ་དང་ཨུ་རུ་སུའི་སྲིད་འཛིན་འགྲོ་འཆར།

ཟླ་བ་འདིའི་ཟླ་འགོར་ཨ་རིའི་སྲིད་འཛིན་གྱིས་རྒྱ་ནག་གི་ངོས་ནས་ཨུ་རུ་སུ་ལ་གོ་མཚོན་དང་གོ་མཚོན་དང་འབྲེལ་བའི་དངོས་ཟོག་རིགས་འཚོང་མི་ཉེན་པ་སོགས་ཀྱི་ཉེན་བརྡ་བཏང་ཡོད་འདུག་པ་དང་། དེ་བཞིན་ཕྱི་ཚེས་༢༦ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་གི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་གཉིས་དང་ཐུག་འཕྲད་བྱས་ཡོད་འདུག་ལ། ཐུག་འཕྲད་སྐབས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་གི་ངོས་ནས་ཨུ་རུ་སུ་ལ་གོ་མཚོན་གྱི་རོགས་རམ་བྱེད་མི་ཉེན་པ་དང་གོ་མཚོན་བཟོ་གྲྭ་ཚོ་ལ་གོ་མཚོན་བཟོ་བྱེད་ཀྱི་དངོས་ཟོག་མཁོ་སྤྲོད་བྱེད་མི་ཉེན་པ་སོགས་བརྗོད་འདུག ནུབ་ཕྱོགས་པའི་རྒྱལ་ཁབ་ཚོས་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ན་གོ་ལའི་ཁྱོན་ཡོངས་སུ་ཉེན་ཁ་ཆེན་པོ་ཞིག་ལ་མཐོང་གི་ཡོད་འདུག  ད་ཆར་ཨུ་རུ་སུ་ཡིས་དཔལ་འབྱོར་ཐོག་ནས་རྒྱ་ནག་ལ་ཤུགས་ཆེར་བརྟེན་དགོས་ཀྱི་ཡོད་འདུག་ཅིང་། རྒྱ་ནག་ནས་ཨུ་རུ་སུ་ལ་མི་མེད་གནམ་གྲུ་དང་གོ་མཚོན། འཕྲུལ་རིགས་སོགས་ཀྱི་རོགས་རམ་རྒྱ་ཆེར་བྱེད་ཀྱི་ཡོད་པ་འཁོར་སྐར་བརྒྱུད་ནས་བརྙན་པར་དེ་འདྲ་རག་ཡོད་འདུག ཨུ་རུ་སུ་ནས་རྒྱ་ནག་ལ་རིན་གོ་ཆུང་ཆུང་ཐོག་ནས་སྣུམ་དང་རླངས་རྫས་སོགས་འཚོང་གི་ཡོད་འདུག ཐེངས་འདིར་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ལྟ་སྐོར་འགྲོ་སྐབས་ལྷོ་རྒྱ་ནག་རྒྱ་མཚོ་དང་ཐའེ་ཝན། ཨུ་རུ་སུ་དང་ཡུག་རེན་བར་གྱི་དམག་འཁྲུག་སོགས་ཀྱི་སྐོར་གླེང་སློང་བྱས་ཡོད་འདུག འོན་ཀྱང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ཏུ་འགྲོ་ལ་ཉེ་དུས། ཨ་རིའི་སྤྱི་ཚོགས་ཀྱི་བདེ་འཇགས་ཆེད་དུ་ཨ་རིའི་གྲོས་ཚོགས་ནང་ཁྲིམས་ཤིག་གཏན་འབེབས་བྱས་ཏེ་རྒྱ་ནག་ནས་བཟོས་པའི་སྤྱི་ཚོགས་དྲྭ་ལམ་(TickTok)དེ་ཨ་རིའི་གཞུང་ལ་འཚོང་དགོས་པ་དང་། ཡང་ན་ཨ་རིའི་ནང་བཀག་འགོག་བྱེད་རྒྱུ་ཡིན་པར་བརྗོད་འདུག་པས། དེ་རིང་རྒྱ་ནག་གི་སྲིད་འཛིན་གྱིས་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐད་དགོས་འདུན་གསུམ་བཏོན་ཡོད་འདུག དང་པོ་ཕྱོགས་ཕན་ཚུན་བར་གུས་བཀུར་བྱེད་རྒྱུ་དང་། གཉིས་པ་ཞི་བདེའི་ངང་མཉམ་གནས་བྱེད་རྒྱུ། གསུམ་པ་གཉིས་ཕན་གྱི་ཆེད་དུ་འབད་བརྩོན་བྱེད་རྒྱུ་བཅས་ཡིན་ཞེས་བརྗོད་ཡོད་འདུག ཨ་རིའི་གཞུང་གིས་ཐེངས་འདིར་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ལྟ་སྐོར་འགྲོ་སྐབས་སུ་གནད་དོན་གལ་ཆེ་ཤོས་གཅིག་ནི་རྒྱ་ནག་གི་ཚོང་གཉེར་ཁང་དག་གིས་ཨུ་རུ་སུ་ལ་གོ་མཚོན་གྱི་རོགས་རམ་བྱེད་མི་ཆོག་པའི་སྐོར་ཡིན་པར་བརྗོད་འདུག དེ་བཞིན་མ་འོངས་པར་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ནི། དེ་སྔོན་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་གཉིས་ཨ་རིའི་ནང་ཐུག་འཕྲད་བྱེད་སྐབས་སུ་གྲོས་མཐུན་གང་བཞག་པ་དག་གཞིར་བཟུང་ནས་འགྲོ་དགོས་རྒྱུ་གལ་ཆེན་ཡིན་པར་བརྗོད་ཡོད་འདུག  དེ་བཞིན་ཨུ་རུ་སུའི་སྲིད་འཛིན་ཕྱི་ཟླ་༥ པའི་ནང་རྒྱ་ནག་ལ་འགྲོ་འཆར་ཡོད་འདུག་པ་དང་། ཨུ་རུ་སུ་ཡིས་ཡུག་རེན་ལ་བཙན་འཛུལ་འགོ་བཙུགས་ནས་ལོ་གཉིས་ལྷག་ཙམ་འགྲོ་བཞིན་ཡོད་པའི་སྐབས་འདིར། ཨུ་རུ་སུའི་སྲིད་འཛིན་གྱིས་རྒྱ་ནག་ནས་གོ་མཚོན་ཉོ་སྲིད་པ་ཡིན་པར་རྗོད་ཀྱི་འདུག  ཕྱི་ཚེས་༢༦ ཉིན་(South China Morning Post)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུའི་སྲིད་འཛིན་གྱིས་གཟའ་མིག་དམར་ཉིན་ཚོང་དོན་ལྷན་ཚོགས་ཤིག་གི་ཐོག་ཏུ་ཕྱི་ཟླ་༥ པ་ནང་རྒྱ་ནག་ལ་ལྟ་སྐོར་འགྲོ་འཆར་ཡོད་པར་བརྗོད་ཡོད་འདུག བདུན་ཕྲག་འདིའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་ལ་ལྟ་སྐོར་འགྲོ་བཞིན་ཡོད་འདུག་ལ། སྐབས་དེ་དུས་ཕྱི་སྲིད་དྲུང་ཆེ་ཡིས་རྒྱ་ནག་གིས་ཨུ་རུ་སུ་ལ་གོ་མཚོན་དང་གོ་མཚོན་བཟོ་བྱེད་ཀྱི་རྒྱུ་ཆའི་དངོས་ཟོག་རིགས་འཚོང་མི་ཉེན་པར་བརྗོད་ཡོད་འདུག འོན་ཀྱང་། ཨུ་རུ་སུ་ཡིས་ཡུག་རེན་ལ་བཙན་འཛུལ་མ་བྱས་སྔོན་དུ་ཨུ་རུ་སུ་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ནི་ཚད་མེད་པ་ཡིན་ཚུལ་བརྗོད། གསར་འགོད་པ། བསོད་ནམས་ཕུན་ཚོགས།

འཇར་མན་ཉེན་རྟོག་པས་དྷ་སར་ཡོང་མྱོང་མཁན་རྒྱ་མི་ཞིག་རྒྱ་ནག་གི་གསང་མྱུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག

ཟླ་འདིའི་ཚེས་༢༤ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། འཇར་མན་གྱི་ཉེན་རྟོག་པས་དྷ་སར་ཡོང་མྱོང་མཁན་རྒྱ་མི་ཞིག་རྒྱ་ནག་གི་གསང་མྱུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག བདུན་འདིའི་རེས་གཟའ་ཟླ་བའི་ཉིན་འཇར་མན་གྱི་ཉེན་རྟོག་པས་ཀའོ་ཅན་(Guo Jian) ་ཞེས་པའི་རྒྱ་མི་ཞིག་རྒྱ་ནག་གི་གསང་མྱུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་ཡོད་འདུག གསང་མྱུལ་བ་དེ་ནི་འཇར་མན་གྱི་གྲོས་ཚོགས་འཐུས་མི་དང་ཡུ་རོབ་གྲོས་ཚོགས་ཀྱི་འོས་མི་རྩེ་ཕུད་(Maximilian) ་གྱི་ལས་རོགས་ཡིན་འདུག ཁྲིམས་གཏུགས་བྱེད་མཁན་གྱིས་བརྗོད་གསལ་ལྟར་ན། ཀའོ་ཅན་ལོ་༤༣ ་ཡིན་པ་དང་འཇར་མན་དུ་སློབ་ཕྲུག་གི་ངོ་བོའི་ཐོག་བསླེབས་རྗེས་ཚོང་ལས་ཀྱི་ལས་ཀ་གཉེར་བ་དང་། ཕྱི་ལོ་༢༠༡༩ ནས་བཟུང་ཡུ་རོབ་གྲོས་ཚོགས་ཀྱི་འཐུས་མི་(Maximilian) ་གྱི་ལས་རོགས་སུ་གྱུར་འདུག ཕྱི་ལོ་༢༠༢༤ ཟླ་༡ པོའི་ནང་ཁོས་ཡུ་རོབ་གྲོས་ཚོགས་སུ་གྲོས་མོལ་དང་ཐག་གཅོད་བྱས་པའི་གནས་ཚུལ་རྣམས་རྒྱ་ནག་ལ་མཁོ་སྤྲོད་བྱས་ཡོད་པ་མ་ཟད། ལོ་མང་རིང་རྒྱ་གཞུང་ལ་རྒྱབ་འགལ་བྱེད་མཁན་ཚོ་ལ་གསང་མྱུལ་བྱས་ཡོད་འདུག ཁོས་སྲིད་འཛིན་ཞི་ཅིན་ཕིང་ལ་དགའ་ཞེན་མཚོན་ཆེད་དུ་རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ཤོག་ལྷེབ་དཀར་པོའི་ལས་འགུལ་ལ་སྐྱོན་བརྗོད་བྱས་ཡོད་པ་དང་དར་གོས་ཚོང་ལམ་གསར་པ་ཞེས་པའི་ཚོགས་པ་ཞིག་གསར་འཛུགས་བྱས། གནས་ཚུལ་དབྱེ་ཞིབ་པ་ཚོས། ཚོགས་པ་དེ་རྒྱ་གཞུང་གི་ཚབ་བྱས་ནས་འཇར་མན་ལ་ཤུགས་རྐྱེན་སྤྲོད་ཀྱི་ཡོད་པར་བརྗོད་འདུག ཀའོ་ཅན་འཛིན་བཟུང་བྱས་པའི་གནས་ཚུལ་དེ་ནི་འཇར་མན་དང་རྒྱ་ནག་བར་དཔལ་འབྱོར་གྱི་འབྲེལ་ལམ་གོང་འཕེལ་དང་རྒྱ་ནག་གིས་ཨུ་རུ་སུ་ལ་ཆབ་སྲིད་སོགས་ཀྱི་རྒྱབ་སྐྱོར་ཐོག་གྲོས་མོལ་ཆེད་འཇར་མན་གྱི་སྲིད་བློན་རྒྱ་ནག་ཏུ་ཕྱིན་ནས་བདུན་ཕྲག་གཅིག་ཙམ་ཕྱིན་པའི་རྗེས་བྱུང་བ་ཞིག་ཆགས་ཡོད་འདུག འཇར་མན་གྱི་ནང་སྲིད་བློན་ཆེན་ནན་སི་ཧྤེ་སར་(Nancy Faeser) ་གྱིས་ཉེས་འཛུགས་ལ་ཞིབ་འཇུག་མཐིལ་ཕྱིན་པ་བྱེད་རྒྱུ་དང་གལ་སྲིད་བདེན་པ་ར་སྤྲོད་བྱུང་ཚེ། དེ་ནི་ཡུ་རོབ་ཀྱི་མང་གཙོ་ལ་ནང་ནས་གཏོར་རྒོལ་བྱས་པ་ཞིག་རེད་ཅེས་བརྗོད་འདུག གཞན་ཡང་། ཟླ་འདིའི་ཚེས་༢༢ ཉིན་གནས་ཚུལ་སྤེལ་གསལ་ལྟར་ན། རེས་གཟའ་ཟླ་བའི་ཉིན་འཇར་མན་གཞུང་གིས་རྒྱ་ནག་ལ་འཕྲུལ་རིག་ཐོག་གནས་ཚུལ་མཁོ་སྤྲོད་བྱེད་མཁན་དོགས་ཡོད་མི་སྣ་གསུམ་འཛིན་བཟུང་བྱས་ཡོད་འདུག ཀའོ་ཅན་ནི་རྒྱ་ནག་དང་འཇར་མན་གཉིས་ཀའི་མི་སེར་ལག་འཁྱེར་ཡོད་མཁན་ཞིག་དང་ལོ་ངོ་དྲུག་གི་ཡར་སྔོན་དུ་ཁོ་དང་མི་ཁ་ཤས་ཤིག་དྷ་ས་ལ་ཡོང་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་མ་ཟད་ཉིན་ཤས་རིང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལ་ལྟ་སྐོར་སོང་ཡོད་འདུག་ལ། ཁོ་རང་དྷ་རམ་ས་ལ་སོང་བའི་སྐོར་བྲིས་པའི་རྒྱ་ཡིག་གི་རྩོམ་ཞིག་ཀྱང་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་བའི་ཐོག་ཏུ་འདུག གཞན་ཡང་རེས་གཟའ་ཟླ་བའི་ཉིན་དབྱིན་ཇིའི་གྲོས་ཚོགས་སུ་ཞིབ་འཇུག་གི་ལས་ཀ་བྱེད་མཁན་ལོ་ན་༣༢ སོན་པའི་(Christopher Berry) ་དང་ལོ་ན་༢༩ ་ལ་སོན་པའི་(Christopher) ་ཞེས་པའི་སྐྱེས་པ་གཉིས་ཀྱིས་ཕྱི་ལོ་༢༠༢༡ ་ནས་༢༠༢༣ ་བར་རྩོམ་ཡིག་དང་ཟིན་བྲིས། ཡིག་ཆ་དང་གནས་ཚུལ་ཁག་ཅིག་རྒྱ་ནག་ལ་མཁོ་སྤྲོད་བྱས་ཡོད་པའི་ཉེས་མིང་ཕོག་ཡོད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།

བོད་ནང་དཀའ་ངལ་སྤྲོད་མཁན་རྒྱ་དཔོན་ཞིག་ལ་ལྐོག་དངུལ་བླངས་པའི་ནག་ཉེས་ཕོག་འདུག

བོད་ནང་ལོ་མང་རིང་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་བྱུས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་དྲིལ་བསྒྲགས་འགན་འཁུར་བྱེད་མྱོང་མཁན་རྒྱའི་དཔོན་རིགས་ཤིག་ལ་ལྐོག་དངུལ་བླངས་པར་དོགས་ཏེ་ལོ་སྔོན་མར་ཞིབ་དཔྱད་བྱེད་འགོ་བཙུགས་ཡོད་འདུག་པ་དང་། ཁ་སང་ཕྱི་ཚེས་༢༤ ཉིན་ཁྲིམས་ཐོག་ནས་ཁོ་ལ་ནག་ཉེས་ཕོག་ཡོད་འདུག  ཕྱི་ཚེས་༢༥ ཉིན་(South China Morning Post)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཁ་སང་གཟའ་ལྷག་པའི་ཉིན་(Anhui)ཨན་ཧུའེ་ཞིང་ཆེན་ནང་ཏུང་ཡུན་ཧོས་(Dong Yunhu)ཟེར་བའི་དཔོན་རིགས་དེ་ལ་ཁྲིམས་ཐོག་ནས་ལྐོག་དངུལ་བླངས་པའི་ནག་ཉེས་ཕོག་ཡོད་འདུག དཔོན་རིགས་དེ་སྔོན་ཆད་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དྲིལ་བསྒྲགས་ཀྱི་འགན་འཁུར་བྱེད་མྱོང་ཡོད་འདུག་ལ། ཕྱིས་སུ་དཔོན་རིགས་དེ་ཧྲང་ཧེ་་(Shanghai)གྲོང་ཁྱེར་གྱི་ཁྲིམས་བཟོ་ལྷན་ཁང་ནང་ལས་ཀ་བྱེད་མྱོང་ཡོད་འདུག རྒྱ་ནག་དབུས་གཞུང་གི་ཆེས་མཐོའི་མི་མང་ཞིབ་བཤེར་ཁང་ཟེར་བ་དེས་གནས་ཚུལ་སྤེལ་གསལ་ལ། ཏུང་ཡུན་ཧོས་ཟེར་བའི་དཔོན་རིགས་དེ་ལོ་སྔོན་མའི་ཕྱི་ཟླ་༧ ནང་ཞིབ་གཤེར་བྱེད་འགོ་བཙུགས་ཡོད་འདུག་པ་དང་། ཕྱི་ལོ་༢༠༢༢ ཟླ་བ་ ༡༠ པའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་འགོ་ཁྲིད་གསར་འདེམས་བྱས་རྗེས་བློན་ཆེན་རིམ་པའི་དཔོན་རིགས་ཤིག་ལ་ནག་ཉེས་ཕོག་པ་དང་པོ་ཡིན་འདུག དཔོན་རིགས་དེ་ཕྱི་ལོ་༡༩༩༩ ལོར་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལྷན་ཁང་ནང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་དྲིལ་བསྒྲགས་དང་བོད་ཀྱི་གནད་དོན་སྐོར་འགན་འཁུར་བཅུག་ཡོད་འདུག སྐབས་དེ་ནས་བཟུང་ཁོས་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་ཡོད་འདུག་པ་དང་། ཕྱིས་སུ་རང་གི་ལས་གནས་ལས་གཞན་ནས་ཁེ་ཕན་རག་ཆེད་དུ། ལྐོག་ཏུ་ལས་གནས་འདྲ་མིན་གྱི་ཐོག་ནས་ལྐོག་དངུལ་བླངས་ཡོད་པར་བརྗོད་ཡོད་ཀྱང་། ལྐོག་དངུལ་ག་ཚོད་བླངས་ཡོད་མེད་གང་ཡང་ཤེས་མི་འདུག དཔོན་རིགས་དེ་རྒྱ་ནག་དམར་ཤོག་གཞུང་གིས་དམར་ཤོག་ཚོགས་པའི་སློབ་གྲྭ་(at the Communist Party school)ཟེར་བ་ནས་གསོ་སྐྱོང་བྱས་པའི་དམར་ཤོག་གི་མར་ཁེ་སིའི་ལྟ་བ་དང་འགྲོ་བ་མིའི་ཐོབ་ཐང་ཐོག་སློབ་སྦྱོང་བྱེད་མྱོང་ཡོད་འདུག (Dong Yunhu)ཟེར་བའི་དཔོན་རིགས་དེ་ཡིས་འདས་པའི་ལོའི་ནང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་དེབ་མང་པོ་ཞིག་བརྩམས་ཡོད་འདུག་ལ། ཕྱི་ལོ་༢༠༡༡ ནང་རྒྱལ་ཁབ་འདྲ་མིན་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དེའི་བྱེད་ལས་སོགས་ཀྱི་སྐོར་ཉམས་ཞིབ་བྱས་ནས་དེབ་བྲིས་ཡོད་འདུག དེ་བཞིན་ཕྱི་ལོ་༢༠༠༨ ལོར་བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་ག་ཚོད་བྱས་ཡོད་མེད་དང་བོད་མི་ག་ཚོད་འཛིན་བཟུང་བྱས་ཡོད་མེད་སོགས་ཀྱི་སྐོར་ལ་(Amnesty International reported in June 2008)་ཟེར་བའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་ཞིག་གིས་སྙན་ཐོ་ཞིག་བཏོན་པ་དེ་ལ། རྒྱ་ནག་གཞུང་གི་ཚབ་བྱས་ནས་དཔོན་རིགས་དེ་ཡིས་གསལ་བཤད་ཀྱི་དེབ་གཅིག་ཀྱང་འབྲི་མྱོང་ཡོད་འདུག ཕྱི་ལོ་༢༠༡༡ ནང་དཔོན་རིགས་དེ་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ལ་རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་འགན་ཁུར་ཡོད་འདུག ཕྱི་ལོ་༢༠༡༥ ནང་དཔོན་རིགས་དེ་ཧྲང་ཧེ་(Shanghai)གྲོང་ཁྱེར་ནང་ཡོང་ནས་ལས་ཀ་བྱས་ཡོད་འདུག་ལ། རྗེས་སུ་གྲོང་ཁྱེར་དེའི་ཁྲིམས་བཟོ་ལྷན་ཁང་ནང་ལས་ཀ་བྱེད་མྱོང་ཡོད་འདུག དཔོན་རིགས་དེ་བོད་ནང་ལས་ཀ་བྱས་པའི་རིང་བོད་པ་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་དམ་དྲག་དང་བཙན་གནོད་ཤུགས་ཆེར་བྱས་ཡོད་འདུག དེ་བཞིན་དབྱིན་ཡིག་ནང་གི་ཊི་བྷེ་ཊི་ཞེས་པའི་བོད་མིང་དེ་རྒྱལ་བ་རིན་པོ་ཆེ་དབུས་པའི་བཙན་བྱོལ་ལ་འབྲེལ་བ་འདུག་སྙམ་ནས་དེའི་ཚབ་ཏུ་རྒྱ་སྐད་ཀྱི་ཤིས་ཙང་ཞེས་འཇུག་དགོས་པར་རྗོད་མཁན་གཙོ་བོའི་གྲས་ཤིག་ཡིན་འདུག  གསར་འགོད་པ། བསོད་ནམས་ཕུན་ཚོགས།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་ཉིན་ཚོགས་པ་ཁག་བཞིས་གསར་འགོད་གསལ་བསྒྲགས་སྤེལ་སོང་།

ཟླ་འདིའི་ཚེས་༢༥ ་ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་སྲུང་བརྩི་གནང་རྗེས། གདན་ས་བཀྲ་ཤིས་ལྷུན་པོ་དང་ཧི་མ་ལ་ཡའི་དགོན་པ་དང་ཚོགས་པ་ཁག་བཞི་ཡིས་དོན་ཚན་ལྔ་ཅན་གྱི་ཞུ་འབོད་རེ་འདུན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་། ཐེངས་འདིའི་གསར་འགོད་གསལ་བསྒྲགས་ཐོག་གཞུང་འབྲེལ་མཛད་སྒོའི་ཐོག་ཕེབས་པའི་དམིགས་བསལ་སྐུ་མགྲོན་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་སྐུ་ཕྲེང་ལྔ་པ་༧ རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས་དང་ཚེ་མཆོག་གླིང་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོའི་སྐུ་ཚབ་རིག་འཛིན་རྡོ་རྗེ་བཅས་ཀྱིས་རྒྱལ་སྤྱིའི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་དོན་ཚན་ལྔ་ཅན་གྱི་ཞུ་འབོད་རེ་འདུན་གྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་ལ། དེའི་དོན་ཚན་དང་པོའི་ནང་དུ། ཕྱི་རྒྱལ་གྱི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ནས་མི་ལོ་༢༩ རིང་གར་སོང་ཆ་མེད་དུ་གྱུར་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་ཛ་དྲག་གནས་སྟངས་ཤེས་རྟོགས་ཡོང་རྒྱུར་རྒྱ་ནག་ཏུ་ཕྱི་རྒྱལ་གཞུང་ཚབ་མི་སྣས་༧པཎ་ཆེན་རིན་པོ་ཆེ་དང་དངོས་སུ་མཇལ་འཕྲད་ཐུབ་ཐབས་ཀྱི་གཞུང་འབྲེལ་ཁྲིམས་འཆར་གཏན་འབེབས་གནང་ཐབས་ཡོང་བ་ཞུ་རྒྱུ་ཞེས་དང་། དོན་ཚན་གཉིས་པའི་ནང་ཕྱི་རྒྱལ་གྱི་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་རིན་པོ་ཆེ་མཆོག་དགུང་ལོ་དྲུག་ནས་ད་བར་མི་ལོ་༢༩ རིང་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་མོས། བྱིས་པའི་ཐོབ་ཐང་སོགས་མདོར་ན་འགྲོ་སྡོད་སྤྱོད་གསུམ་གྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྩ་ནས་མེད་པའི་ངོས་བཞེས་མཚོན་རྟགས་ཀྱི་གཟེངས་རྟགས་རིགས་འབུལ་ཐབས་ཡོང་རྒྱུ། དེ་བཞིན་དོན་ཚན་གསུམ་པའི་ནང་། གོང་གསལ་ཚོགས་པ་ཁག་གིས་རིན་པོ་ཆེ་གློད་བཀྲོལ་ཡོང་ཆེད་ཆེ་མཐོང་རྒྱབ་སྐྱོར་མཚོན་ཕྱིར་སྐུའི་འཁྲུངས་སྐར་ཉིན་མོར་སྲུང་བརྩིའི་ལས་འགུལ་ཞིག་སྤེལ་གནང་ཡོང་བ་ཞུ་རྒྱུ། དོན་ཚན་བཞི་པའི་ནང་ད་བར་མི་ལོ་༢༩ རིང་གར་སོང་ཆ་མེད་དུ་གྱུར་པའི་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་དབུ་འཛིན་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་གཙོས། བོད་ནང་གང་བྱུང་འཛིན་བཟུང་བཙོན་འཇུག་བྱས་པའི་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་བཀྲོལ་ཡོང་ཐབས་དང་། བོད་ནང་དངོས་ཡོད་དཀའ་ངལ་ཁག་མྱུར་དུ་སེལ་ཐབས་སུ་སྔར་ལས་རྒྱབ་སྐྱོར་ཤུགས་ཆེན་གནང་རོགས་ཞེས་དང་། དོན་ཚན་ལྔ་པའི་ནང་། ༧གོང་ས་མཆོག་མྱུར་དུ་བོད་ལ་ཕེབས་ཐུབ་ཐབས་དང་ཁོང་གི་དགོངས་གཞིར་ཡོད་པའི་གཉིས་སྨན་དབུ་མའི་ལམ་གྱི་བོད་དོན་སྲིད་བྱུས་ལ་མུ་མཐུད་རྒྱབ་སྐྱོར་གནང་རོགས་ཞུ་ཞེས་དང་། ཁོང་རྣམས་ཀྱིས་ད་བར་གཞུང་དམངས་དང་མཉམ་འབྲེལ་རྒྱལ་ཚོགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་ནས་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། མ་འོངས་པར་བོད་ནང་གི་ཛ་དྲག་དཀའ་ངལ་སེལ་ཐབས་ལ་རྒྱབ་སྐྱོར་ཡོང་བའི་རེ་བ་ཡོད་ཅེས་སོགས་གསུངས་སོང་། གཞན་ཡང་། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་གཞུང་འབྲེལ་མཛད་སྒོའི་ཐོག་ཕེབས་པའི་སྐུ་མགྲོན་གཙོ་བོ་ཨི་སི་ཏཱོ་ནི་ཡ་གྲོས་ཚོགས་འཐུས་མི་སྐུ་ཚབ་ཚོགས་ཆུང་གིས་ཀྱང་གཞུང་འབྲེལ་མཛད་སྒོ་ཚར་རྗེས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ནས་བོད་ནི་རྒྱ་ནག་གི་ཆ་ཤས་མིན་པ་དང་བོད་དོན་རྒྱབ་སྐྱོར་ཡོད་པའི་སྐོར་སོགས་གསུངས་སོང་། གསར་འགོད་པ། བློ་བཟང་རྒྱ་མཚོ།

༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་འཁྲུངས་སྐར་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས།

ཟླ་འདིའི་ཚེས་༢༥ ཉིན་༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགུང་གྲངས་༣༥ ཕེབས་པའི་སྐུའི་འཁྲུངས་སྐར་གྱི་ཉིན་མོ་བོད་མིའི་སྒྲིག་འཛུགས་གཞུང་འབྲེལ་གྱིས་སྲུང་བརྩི་ཞུས་སོང་། སྐབས་དེར་སྐུ་མགྲོན་གཙོ་བོ་ཨི་སི་ཏོ་ནི་ཡའི་གྲོས་ཚོགས་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་དང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡུ་ཀུ་ཁལ་རེཌ་དང་། དམིགས་བསལ་སྐུ་མགྲོན་བྱེས་ཀྱི་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་སྐུ་ཕྲེང་ལྔ་པ་༧ རྗེ་བཙུན་བསྟན་འཛིན་ཐུབ་བསྟན་རབ་རྒྱས། ཚེ་མཆོག་གླིང་སྤྲུལ་སྐུ་བསྟན་འཛིན་དགེ་ལེགས་རིན་པོ་ཆེ། ལ་དྭགས་ནང་པའི་ཚོགས་འདུའི་ཚོགས་གཙོའི་སྐུ་ཚབ་རིག་འཛིན་རྡོ་རྗེ། གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། དེ་བཞིན་གཞུང་ཞབས་དང་བཞུགས་སྒར་ཁུལ་གྱི་སློབ་གྲྭས་མཚོན་པའི་སེར་སྐྱ་མི་མང་སོགས་མཉམ་ཞུགས་གནང་འདུག སྐབས་དེར་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གསུང་བཤད་གནང་སྐབས། ང་ཚོ་ཚང་མའི་བློ་གཡེང་ཆེ་ཤོས་ཤིག་ནི། ༧པཎ་ཆེན་རིན་པོ་ཆེ་ད་ལྟ་སྐུ་འཚོ་བཞེས་ཡོད་མེད་དེ་ཡིན་ཞིང་། གལ་སྲིད་སྐུ་འཚོ་བཞུགས་ཡིན་པའི་དབང་དུ་བཏང་ན། དགུང་ལོ་༦ ་ནས་ད་ལྟའི་བར་མི་ལོ་༢༩ སོང་བའི་རིང་། ཁོང་ཡབ་ཡུམ་དང་ལྷན་དུ་འཚར་ལོངས་བྱུང་ཐུབ་ཡོད་དམ། ཡང་ན་ཁྱེར་རྐྱང་གི་ཁོར་ཡུག་ཅིག་ཏུ་བོད་སྐད་ཙམ་ཡང་གསུང་མི་མཁྱེན་པ་ཞིག་བཟོས་ཡོད་དམ། ༧པཎ་ཆེན་སྐུ་ཕྲེང་བཅུ་པར་དམར་སྲུང་དམག་གིས་འཐབ་རྩོད་བཏང་བ་ནས་བཞིན་ཆུང་སྲིད་རིན་པོ་ཆེར་ཡང་གཡས་གཡོན་དུ་སྡོད་མཁན་དེ་ཚོས་ཐུབ་ཚོད་དང་གཅར་རྡུང་ཅི་ཙམ་བཏང་ཡོད་དམ། ཕྱི་ལ་འབྲེལ་ལམ་རྩ་བཅད་བྱས་པའི་གྱང་ར་མཐོན་པོའི་མཐའ་བཞིར་དམག་གིས་བསྐོར་བའི་རྒྱ་ཁང་ཞིག་གི་ནང་དུ་བཅུག་ཡོད་དམ། ཡང་ན་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ནང་བཞིན་ཉི་འོད་མིག་གིས་མི་མཐོང་བའི་བཙོན་ཁང་ཞིག་ཏུ་བཅུག་ཡོད་དམ། རྒྱ་གཞུང་གིས་ཁོང་ཁ་བ་བུ་ཡུག་འཚུབ་པའི་ལུང་སྟོང་ཞིག་ཏུ་འཁྱགས་ལྟོགས་ཀྱིས་མནར་གཅོད་གཏོང་གི་ཡོད་དམ། ཡང་ན་སྐྲ་བསྒྱུར་ལུས་བསྒྱུར་བྱས་ཏེ་ངལ་རྩོལ་ར་བ་ཞིག་ཏུ་བྲན་གཡོག་གི་ལས་ཀ་སྐུལ་གྱི་ཡོད་དམ། ལས་ཚོ་དར་ལ་བབས་པའི་ཀུན་གཟིགས་༧པཎ་ཆེན་བསྟན་འཛིན་དགེ་འདུན་རིན་པོ་ཆེ་མཆོག་དེང་སང་དངོས་གནས་སྐུ་གཟུགས་བདེ་ཐང་ངང་བཞུགས་ཡོད་དམ། དྲི་བ་འདི་དག་ལ་ང་ཚོར་ལན་རག་གི་མེད་ཅེས་དང་། གོ་སྐབས་འདི་བརྒྱུད་ནས་ཤོད་འདོད་པ་གཞན་ཞིག་ནི། རྒྱ་གཞུང་གིས་བསྐོ་འཛུགས་བྱས་པའི་རྒྱལ་མཚན་ནོར་བུར་མཚོན་ནའང་གདོང་དམར་བོད་རིགས་བཀྲུས་ནས་མ་དག་པ་ཞིག་དང་། བོད་བརྒྱུད་ནང་བསྟན་ལ་ཐོས་བསམ་གྱི་གོ་སྐབས་ཐོབ་མྱོང་མཁན་ཞིག་ཡིན་སྟབས། རྒྱ་གཞུང་གིས་ཆབ་སྲིད་ཀྱི་ལག་ཆར་བཀོལ་སྤྱོད་བྱེད་རྩིས་ཀྱི་མ་རུང་ཁོག་བཅུག་གི་ངན་གཡོའི་འོག་ཏུ་མ་ཚུད་པར། དེང་སང་བོད་མི་རིགས་དང་། བོད་བརྒྱུད་ནང་བསྟན་ཡུན་གནས་ལ་ལོ་རྒྱུས་སུ་བྱུང་མ་མྱོང་བའི་ཛ་དྲག་དཀའ་ཉེན་ཇི་འཕྲད་ངོ་འཛིན་གསལ་པོར་གནང་བའི་ཐོག་ནས། རང་ཉིད་ཀྱི་འགན་འཁྲིའི་བགྱི་སྒོ་ཁག་འཇིགས་ཞུམ་མེད་པར་ཁུར་ལེན་གནང་རྒྱུ་ལས། བོད་བསྟན་སྲིད་མི་རིགས་དང་བཅས་པར་རྨ་འབྱིན་གྱི་ལས་གཞར་ཡང་མི་རྩོམ་པའི་གཞེན་སྐུལ་ཞུ་འདོད་བྱུང་ཞེས་གསུངས་སོང་། དེ་བཞིན་སྤྱི་འཐུས་ཚོགས་གཙོས་གསུང་བཤད་གནང་སྐབས།ཁོང་གིས་ཀུན་གཟིགས་༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ ༣༥ ལ་ཕེབས་པའི་༸སྐུའི་འཁྲུངས་སྐར་གྱི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན་མོ་འདི་བོད་གཞིས་བྱེས་གཉིས་སུ་གནས་པའི་བོད་རིགས་སྤུན་ཟླ་ཡོངས་ལ་དགའ་བསུའི་ཉིན་མོ་གལ་ཆེ་ཞིག་ཆགས་ཡོད། ཡིན་ནའང་ཡང་སྲིད་རིན་པོ་ཆེའི་ཞལ་མཇལ་གསུང་ཐོས་ཙམ་ཡང་མེད་པར་ལོ་ངོ་བཅུ་ཕྲག་འགའ་ཤས་ཕྱིན་པ་ནི་བོད་ཁ་བ་རི་པ་རྣམས་ལ་སྐྱོ་གདུང་གི་ཚོར་བ་སྦྱིན་པའི་དུས་ཚོད་གཅིག་ཀྱང་ཆགས་ཡོད་ཅེས་དང། སྐུ་ཕྲེང་བཅུ་གཅིག་པ་མཆོག་དགུང་གྲངས་དྲུག་ནས་རྒྱ་ནག་དམར་གཞུང་གིས་བཙན་ཁྲིད་ཀྱིས་གར་སོང་ཆ་མེད་དུ་བཏང་ནས་ད་ཆ་ལོ་ངོ་ ༢༩ འཁོར་ཞིང་། དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱིས་པའི་ཐོབ་ཐང་གི་གྲོས་མཐུན་དོན་ཚན་ཁག་གི་འབྲུ་དོན་དང་འགལ་འཚབ་ཆེན་པོར་གྱུར་ཡོད་ཅེས་དང་ཡང་སྲིད་རིན་པོ་ཆེ་མཆོག་གི་གནས་སྟངས་གསལ་རྟོགས་ཐུབ་སླད་འབྲེལ་ཡོད་ཚང་མས་སྔར་ལྷག་སེམས་ཤུགས་ཆེ་བསྐྱེད་ཀྱིས་འབད་འབུངས་ཡོང་བའི་སྐུལ་མ་ཞུ་རྒྱུ་དང་། རྒྱ་ནག་དམར་གཞུང་ནས་ཀྱང་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་དང་སྐུ་འཁོར་བཅས་པའི་གནས་བབ་ངེས་པར་དུ་ཕྱི་གསལ་ནང་གསལ་བཟོ་དགོས་པ་ནན་སྐུལ་བྱ་རྒྱུ་ཡིན་ཞེས་གསུང་བཤད་གནང་སོང་། གཞན་ཡང་དེ་རིང་གི་མཛད་སྒོའི་ཐོག་ཆེད་དུ་འདོན་སྤེལ་ཞུས་པའི་པཎ་ཆེན་རིན་པོ་ཆེ་དང་འབྲེལ་བའི་རིས་བསྒྲིགས་རྩེད་ཆས་(Jigsaw puzzle) ་དབུ་འབྱེད་དང་གཞས་པ་ཚེ་རིང་འགྱུར་མེད་ཀྱིས་ཆེད་མངགས་རྩོམ་སྒྲིག་ཞུས་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་བསྟོད་གླུ་ལེན་པ་སོགས་ཀྱིས་གཞུང་འབྲེལ་མཛད་སྒོ་ལེགས་པར་གྲུབ་སོང་། གསར་འགོད་པ། བློ་བཟང་རྒྱ་མཚོ།

རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ཐེངས་༢༡ པ་འགོ་བཙུགས།

ཟླ་འདིའི་ཚེས་༢༥ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དབུས་ས་ཟུང་སྦྲེལ་གྱིས་རྒྱ་གར་རྒྱལ་ཡོངས་ཀྱི་སིལ་སྤོལ་རྩེད་འགྲན་ཐེངས་དང་པོ་དང་། རྒྱལ་གཅེས་དཔའ་བོ་དཔའ་མོའི་རྗེས་དྲན་གྱི་སིལ་སྤོལ་རྩེད་འགྲན་ཐེངས་༢༡ པ་དེ་བཞུགས་སྒར་རྡ་རམ་ས་ལར་གངས་སྐྱིད་སིལ་སྤོལ་ཐང་སྟེང་དུ་གོ་སྒྲིག་ཞུས་སོང་། དེ་ཡང་ཕྱི་ལོ་༡༩༩༨ལོའི་གསུམ་བཅུའི་དུས་དྲན་དང་སྟབས་བསྟུན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དགོས་འདུན་དོན་ཚན་གསུམ་གྱི་ཐོག་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་བ་དང་། སྐབས་དེའི་ལས་འགུལ་ནང་མཉམ་བཞུགས་གནང་མཁན་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ནས། རང་གིས་གཅེས་པའི་ལུས་སྲོག་མཆོད་མེར་སྒྲོན་ཏེ། བོད་ཀྱི་གནས་བབ་ལ་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དགོས་པའི་དགོས་འདུན་བཏོན་གནང་མཛད་ཡོད་པ་དང་། ཕྱི་ཟླ་༤ཚེས་༢༩ཉིན་དགོངས་པ་རྫོགས་པའི་ཡིད་སྐྱོའི་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་དཔའ་བོ་དཔའ་མོ་ཉིན་མོ་ཞེས་ལོ་ལྟར་དབུས་ས་གཉིས་ནས་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུས་ཏེ་ལས་འགུལ་སྤེལ་མུས་དང་། རྡ་ས་ས་གནས་གཞོན་ལྷན་ནས་ཀྱང་ད་བར་རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་རྩེད་འགྲན་ཐེངས་༢༠ ཙམ་གོ་སྒྲིག་ཞུས་ཟིན་པ་ཡིན་འདུག   དེ་བཞིན་ཐེངས་འདིའི་རྩེད་འགྲན་གྱི་དགོས་དམིགས་གཙོ་བོ་ནི་རང་རིགས་གཞོན་སྐྱེས་རྣམས་ལ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་མཛད་རྗེས་སོགས་ཀྱི་གོ་རྟོགས་གོང་ཕེལ་གཏོང་རྒྱུ་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་གཙོས་མཉམ་བཞུགས་གང་མང་ཡོང་ཐབས་ལ་དམིགས་ཏེ་རང་གི་རྩལ་དང་ནུས་པ་སྤུངས་སའི་སྡིངས་ཆ་མཁོ་སྐྲུན་བྱ་རྒྱུ། དེ་བཞིན་རིགས་གཅིག་ཆོལ་གསུམ་སྤུན་ཟླ་ནང་ཁུལ་མཛལ་རྩེའི་དམ་ཚིག་གཅིག་སྒྲིལ་དགོས་གལ་གྱི་བརྡ་ལན་སོགས་གཏོང་རྒྱུ་བཅས་རེད་འདུག གཞན་ཡང་ཐེངས་འདིའི་རྩེད་འགྲན་ནང་རྒྱ་གར་རྒྱལ་ཡོངས་ནས་བུའི་རུ་ཁག་༡༢ དང་བུ་མོའི་རུ་ཁག་༤ བཅས་མཉམ་བཞུགས་ཀྱིས་ཟླ་བ་འདིའི་ཚེས་༢༥ནས་ཚེས་༢༩བར་ཉིན་ལྔའི་རིང་རྩེད་འགྲན་གནང་རྒྱུ་ཡིན་འདུག གསར་འགོད་པ། བདེ་སྒྲོན།

ཧོང་ཀོང་རྐང་སྤོལ་རུ་ཁག་གིས་ལོ་ངོ་མང་པོའི་རྗེས་སུ་རྒྱ་ནག་ཕམ་ཉེས་སུ་བཏང་སྟེ་ཧོང་ཀོང་རྒྱལ་གྱུར་ཅིག་ཅེས་འབོད་སྒྲ་བསྒྲགས།

ཟླ་འདིའི་ཚེས་༢༢ ་ཉིན་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཕྱི་ཟླ་དང་པོའི་ཚེས་༡ ་ཉིན་ཧོང་ཀོང་གིས་ལོ་ངོ་སུམ་ཅུ་མ་ཟིན་ཙམ་གྱི་རྗེས་སུ་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྐབས་སུ་རྒྱ་ནག་ཕམ་ཉེས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག ཨེ་ཤེ་ཡའི་རྐང་རྩེད་སྤོ་ལོའི་སྔོན་འགྲོའི་འགྲན་བསྡུར་སྐབས། རྒྱ་ནག་གི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གཅིག་དང་ཧོང་ཀོང་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་ཧོང་ཀོང་རྐང་སྤོལ་རུ་ཁག་ལ་རྒྱལ་ཁ་ཐོབ། ཧོང་ཀོང་རྐང་སྤོལ་རུ་ཁག་ལ་ཐོབ་པ་དེ་ནི་ལོ་ངོ་སུམ་ཅུ་མ་ཟིན་ཙམ་གྱི་རྗེས་སུ་རྒྱ་ནག་གི་རྐང་སྤོལ་རུ་ཁག་ལས་རྣམ་པ་རྒྱལ་བ་ཐོག་མ་དེ་ཆགས་ཡོད་འདུག གཞན་ཡང་དེ་སྔ་ཕྱི་ལོ་༡༩༨༥ ཟླ་༥ པའི་ནང་རྒྱ་ནག་གི་རྐང་སྤོལ་རུ་ཁག་གི་སྤོ་ལོ་གཅིག་དང་ཧོང་ཀོང་གི་རྐང་སྤོལ་རུ་ཁག་གིས་སྤོ་ལོ་གཉིས་བླུགས་ནས་རྩེད་ཐང་ལ་ཡོད་པའི་ལྟད་མོ་བ་ཁྲི་བརྒྱད་ཙམ་ཡོད་པ་རྣམས་ཧང་སངས་དགོས་པ་བཟོས་ཡོད་འདུག ཕྱི་ལོ་༡༩༩༧ ལོ་དབྱིན་ཇིས་ཧོང་ཀོང་གི་བདག་དབང་རྒྱ་ནག་ལ་རྩིས་སྤྲོད་བྱས་ཡོད་པ་དང་། སྐབས་དེར་རྒྱ་ནག་གིས་མ་འོངས་ལོ་ལྔ་བཅུའི་རིང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་ལམ་ལུགས་འོག་ཧོང་ཀོང་འཛིན་སྐྱོང་བྱེད་རྒྱུའི་ཁས་ལེན་བྱས་ཡོད་པ་མ་ཟད། ཕྱོགས་གཉིས་བར་བཞག་པའི་གྲོས་མཐུན་གྱི་ཆ་རྐྱེན་འོག་རྒྱ་ནག་གི་ཧོང་ཀོང་ཞེས་པའི་མིང་ཐོག་ནས་ཧོང་ཀོང་གི་རྐང་སྤོལ་རུ་ཁག་གིས་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་ནང་རྒྱ་ནག་དང་ལོགས་སུ་འགྲན་བསྡུར་བྱེད་ཆོག་པ་བཟོས་ཡོད་འདུག ཧོང་ཀོང་དབྱིན་ཇིའི་དབང་འོག་ཏུ་ཡོད་དུས་དཀོན་མཆོག་གིས་རྒྱལ་མོ་སྐྱོབས་ཞེས་པའི་རྒྱལ་གླུ་དེ་རྩེད་འགྲན་འགོ་མ་བཙུགས་པའི་སྔོན་དུ་ལེན་སྲོལ་ཡོད་འདུག་ཀྱང་། ཕྱི་ལོ་༡༩༩༧ ནས་རྒྱལ་གླུ་ལ་འགྱུར་བ་བཏང་ཡོད་པ་མ་ཟད། རྐང་རྩེད་སྤོ་ལོ་ནི་ཧོང་ཀོང་གི་རང་དབང་མང་གཙོའི་ལོ་རྒྱུས་དང་རྒྱ་ནག་སྐམ་ས་ཆེན་མོ་གཉིས་ཀྱི་གདོང་ཐུག་བྱེད་ས་ཞིག་ཏུ་གྱུར་ཡོད་འདུག ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་ཧོང་ཀོང་ལ་དམ་དྲག་ཇེ་ཆེ་རུ་བཏང་ཡོད་པ་དང་བསྟུན། ཧོང་ཀོང་གི་རྩེད་འགྲན་ནི་ཧོང་ཀོང་མི་མང་གི་ཚོར་སྣང་རྗོད་སའི་ལམ་ཁ་ཉུང་ཉུང་ལས་མེད་པའི་གྲས་ཤིག་ཆགས་ཡོད་འདུག ལྷག་པར་དུ་ཕྱི་ལོ་༢༠༡༤ ལོའི་ཉི་གདུགས་ལས་འགུལ་གྱི་རྗེས་སུ་རྐང་རྩེད་སྤོ་ལོའི་གལ་ཆེན་རང་བཞིན་ནི་མངོན་གསལ་ཇེ་ཆེ་རུ་ཕྱིན་འདུག ཕྱི་ལོ་༢༠༡༥ ལོར་ཧོང་ཀོང་གི་རྐང་སྤོལ་རུ་ཁག་གི་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་རྒྱལ་གླུ་ལ་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་འགའ་ཤས་ཀྱིས་ཧོང་ཀོང་ནི་རྒྱ་ནག་མ་རེད་ཅེས་པའི་སྦྱར་ཡིག་གནམ་ལ་འཕྱར་བ་སོགས་ལ་བརྟེན། འཛམ་གླིང་རྐང་སྤོལ་མཐུན་ཚོགས་ཀྱིས་ཧོང་ཀོང་གི་རྐང་སྤོལ་མཐུན་ཚོགས་ལ་ཨ་སྒོར་༥༠༠༠ གྱི་ཆད་པ་བཅད་ཡོད་འདུག ཕྱི་ལོ་༢༠༢༠ ལོར་ཧོང་ཀོང་གི་གྲོས་ཚོགས་ཀྱིས་རྒྱ་ནག་གི་རྒྱལ་གླུ་ལ་རྩིས་མེད་བཏང་ན་ཁྲིམས་འགལ་ཡིན་པ་དང་ཉུང་མཐར་ལོ་གསུམ་རིང་བཙོན་འཇུག་བྱེད་རྒྱུའི་ཁྲིམས་འཆར་ཞིག་གྲོས་ཚོགས་སུ་ཁྱེར་ནས་ཕྱི་ལོ་༢༠༢༢ ཟླ་༩ པའི་ནང་གཏན་འབེབས་བྱས་ཡོད་འདུག ཡིན་ཡང་། མི་མང་གིས་སྔར་བཞིན་རྒྱ་ནག་གི་རྒྱལ་གླུ་གཏོང་དུས་མི་འདོད་པའི་རྣམ་འགྱུར་བསྟན་ནས་སྐད་ཅོར་བརྒྱབ་ཡོད་འདུག གནས་ཚུལ་དེ་བྱུང་ནས་ཟླ་བ་གསུམ་གྱི་རྗེས། ཧོང་ཀོང་ནང་ཡོད་པའི་རྩེད་རིགས་ཚོགས་པ་༨༣ ལ་ཚོགས་པའི་མིང་ཐོག་ཏུ་རྒྱ་ནག་ཅེས་སྣོན་དགོས་པ་དང་། དེ་ལྟར་མ་བྱས་ན་མ་དངུལ་འཆོར་ཉེན་ཡོད་ལུགས་བརྗོད་ཡོད་ཀྱང་ད་བར་ཚོགས་པ་བཞི་ཆ་གསུམ་གྱིས་མིང་སྣོན་མེད་པ་རེད་འདུག རྐང་སྤོལ་ལ་དགའ་ཞེན་ཆེ་བའི་ཧོང་ཀོང་བ་ཚོས་ཀྱང་འཚང་ཁ་ཤིག་ཤིག་གིས་རྒྱ་ནག་ཅེས་པའི་མིང་སྣོན་མེད་པའི་དེ་སྔའི་ཧོང་ཀོང་རྟགས་ཅན་གྱི་སྟོད་ཐུང་ཉོ་ཡི་ཡོད་འདུག ཉེ་བའི་ལོ་ཤས་ནང་ཧོང་ཀོང་ནང་གི་རྩེད་འགྲན་ལ་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་རྒྱལ་གླུ་གཏོང་རྒྱུའི་ཚབ་ཏུ་ཕྱི་ལོ་༢༠༡༩ ནས་༢༠༢༠ ནང་རྒྱ་ནག་ལ་ངོ་རྒོལ་བྱེད་མཁན་ཚོས་བཏང་བའི་ཧོང་ཀོང་རྒྱལ་གྱུར་ཅིག་(Glory to Hong Kong) ཅེས་པ་དེ་རྒྱལ་གླུའི་ཚབ་ཏུ་བཏང་ཡོད་འདུག ཧོང་ཀོང་གཞུང་གིས་གླུ་གཞས་དེ་བཀག་སྡོམ་བྱེད་ཐབས་བྱས་ཀྱང་ཁྲིམས་ཁང་གིས་དང་ལེན་བྱས་མེད་པ་རེད་འདུག རྒྱ་ནག་གིས་རྐང་སྤོལ་ཐོག་འགྲོ་སོང་ཆེན་པོ་བཏང་རུང་ཧོང་ཀོང་གི་རྐང་སྤོལ་རུ་ཁག་གིས་ཕམ་ཉེས་སུ་བཏང་བ་ནི་ལོ་ངོ་སུམ་ཅུའི་ནང་གི་ཐོག་མ་དེ་ཆགས་ཡོད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།

ཨུ་རུ་སུ་དང་ནུབ་ཕྱོགས་ཀྱི་ད་ལྟའི་འབྲེལ་ལམ་ནི་༡༩༦༢ ནས་ད་བར་བྱུང་མ་མྱོང་བའི་འབྲེལ་ལམ་སྡུག་ཤོས་དེ་ཆགས་པར་བརྗོད།

ཟླ་འདིའི་ཚེས་༢༡ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཚོས་སྤྱི་མོས་ཀྱིས་ཡུག་རེན་དང་ཨི་སི་རེལ་སོགས་ལ་ཨ་སྒོར་ཐེར་འབུམ་༩༥ ཡི་རོགས་དངུལ་སྤྲད་རྒྱུའི་བཀའ་འཁྲོལ་སྤྲད་ཡོད་འདུག བདུན་ཕྲག་སྔོན་མའི་རེས་གཟའ་སྤེན་པའི་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཚོས་སྤྱི་མོས་ཀྱིས་ཡུག་རེན་དང་ཨི་སི་རེལ་སོགས་ལ་ཨ་སྒོར་ཐེར་འབུམ་༩༥ ་ཡི་རོགས་དངུལ་སྤྲད་རྒྱུའི་ཁྲིམས་འཆར་ལ་ཆོག་མཆན་སྤྲད་ཡོད་འདུག ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་འོས་བསྡུ་བྱས་ནས་མོས་མཐུན་ཐོབ་རྗེས། སྲིད་འཛིན་གྱིས་མཚན་རྟགས་བཀོད་དེ་ཁྲིམས་སུ་གཏན་འབེབས་བྱེད་རྒྱུ་ཡིན་འདུག རོགས་དངུལ་ཨ་སྒོར་ཐེར་འབུམ་༩༥ ནང་ཡུག་རེན་ལ་ཨ་སྒོར་ཐེར་འབུམ་༦༡ དང་ཨི་སི་རེལ་ལ་ཨ་སྒོར་ཐེར་འབུམ་༢༦ ། དེ་བཞིན་ཐའེ་ཝན་གཙོས་པའི་རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་གྱི་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཁག་ལ་ཨ་སྒོར་ཐེར་འབུམ་༨ ། གྷ་རྫ་དང་སུ་ཌན། ཧེ་ཊི་(Haiti) བཅས་དམག་འཁྲུག་ལངས་བཞིན་པའི་ས་ཁུལ་ཁག་གི་མི་སེར་ཚོའི་ཆེད་ཨ་སྒོར་ཐེར་འབུམ་༩ ་སྤྲད་རྒྱུ་ཚུད་ཡོད་འདུག ཨ་རིས་རོགས་རམ་གྱི་བཀའ་འཁྲོལ་གནང་རྗེས་ཡུག་རེན་སྲིད་འཛིན་གྱིས། ཇི་སྲིད་ཨ་རིས་མང་གཙོ་དང་རང་དབང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱས་ན། དེ་སྲིད་མང་གཙོ་དང་རང་དབང་ཉམས་རྒུད་འགྲོ་མི་སྲིད་པ་དང་། གྲོས་ཚོགས་འོག་མས་ཆོག་མཆན་སྤྲད་པའི་ཁྲིམས་དེས་དམག་འཁྲུག་རྒྱ་བསྐྱེད་འགྲོ་རྒྱུ་མཚམས་འཇོག་བྱེད་རྒྱུ་དང་མི་སྟོང་ཕྲག་མང་པོའི་ཚེ་སྲོག་སྐྱོབ་རྒྱུ། རྒྱལ་ཁབ་གཉིས་ཀྱི་སྟོབས་ཤུགས་ཇེ་ཆེར་འགྲོ་རྒྱུ་ལ་ཕན་ཐོགས་འབྱུང་གི་རེད་ཅེས་བརྗོད་ནས་ཨ་རིའི་གཞུང་ལ་ཐུགས་རྗེ་ཆེ་ཞེས་ཞུས་འདུག ཐའེ་ཝན་གྱིས་མཚོ་འགག་ཁུལ་དུ་བདེ་འཇགས་དང་ཞི་བདེ། བརྟན་ལྷིང་ཡོང་ཆེད་དམག་འཐབ་གྲ་སྒྲིག་གི་ནུས་པ་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱེད་རྒྱུ་ཡིན་པ་དང་། ཨ་རིའི་གཞུང་དང་ལྷན་དུ་རོགས་དངུལ་ཇི་ལྟར་བེད་སྤྱོད་བྱེད་རྒྱུའི་ཐོག་གོ་བསྡུར་བྱ་རྒྱུ་ཡིན་ཞེས་བརྗོད་འདུག ཨ་རིས་ཡུག་རེན་ལ་རོགས་དངུལ་སྤྲད་རྒྱུའི་བཀའ་འཁྲོལ་སྤྲད་པ་དེས་ཡུག་རེན་ནང་གཏོར་སྐྱོན་དང་མི་གསོད་ཁྲག་སྦྱོར་མང་དུ་ཡོང་རྒྱུ་རེད་ཅེས་ཨུ་རུ་སུའི་མགྲིན་ཚབ་པས་བརྗོད་ཡོད་པ་མ་ཟད། ཨུ་རུ་སུའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཨ་རིའི་གྲོས་ཚོགས་ནང་ཨི་སི་རེལ་དང་ཐའེ་ཝན། ཡུག་རེན་བཅས་ལ་རོགས་སྐྱོར་བྱེད་རྒྱུའི་མོས་མཐུན་བྱས་པ་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་དཀའ་རྙོག་ཇེ་ཆེར་བཏང་བ་རེད་ཅེས་བརྗོད་འདུག ཡུག་རེན་དང་ཨུ་རུ་སུའི་བར་དམག་འཁྲུག་ལངས་ནས་ད་བར་ལོ་ངོ་གཉིས་དང་ཟླ་བ་གཉིས་ལྷག་འགྲོ་བཞིན་ཡོད་པ་དང་།ཨུ་རུ་སུའི་དཔོན་རིགས་ཚོས་ཨ་རིའི་དམག་དོན་རོགས་རམ་གྱིས་དམག་འཁྲུག་གི་མཇུག་འབྲས་ལ་འགྱུར་བ་གཏོང་མི་ཐུབ་ཅེས་བཤད་ཀྱང་། ཡུག་རེན་གྱིས་འདས་པའི་ཟླ་བ་མང་པོའི་རིང་ཨ་རི་ལ་དངུལ་དང་མཚོན་ཆའི་རོགས་རམ་བྱེད་རྒྱུའི་རེ་སྐུལ་ཞུས་ཡོད་འདུག རྒྱ་གར་གྱི་(NDTV) ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། ཨུ་རུ་སུས་ཡུག་རེན་གྱི་ས་ཆའི་བརྒྱ་ཆ་༡༨% ཙམ་དབང་བསྒྱུར་བྱས་ཟིན་ཡོད་པ་དང་། ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པའི་དབང་གིས་ཨུ་རུ་སུ་དང་ནུབ་ཕྱོགས་རྒྱལ་ཁབ་ཚོའི་བར་འབྲེལ་བ་སྡུག་ཏུ་ཕྱིན་ཞིང་ད་ལྟའི་ཆར་ཨུ་རུ་སུ་དང་ནུབ་ཕྱོགས་བར་གྱི་འབྲེལ་བ་ནི་ཕྱི་ལོ་༡༩༦༢ ནས་ད་བར་བྱུང་མ་མྱོང་བའི་འབྲེལ་ལམ་སྡུག་ཤོས་དེ་ཆགས་ཡོད་འདུག། གསར་འགོད་པ། བློ་བཟང་རྒྱ་མཚོ།

རྒྱལ་ཁབ་སོ་སོས་བདེ་སྲུང་གི་ཆེད་དུ་འགྲོ་གྲོན་མང་པོ་བཏང་བས་དམག་འཁྲུག་ཡོང་རྒྱུའི་ཉེན་ཁ།

འདི་ལོ་ནི་རྒྱལ་སྤྱིའི་ཁྱོན་ཡོངས་སུ་རྒྱལ་ཁབ་སོ་སོས་བདེ་སྲུང་གི་ཆེད་དུ་བཏང་བའི་འགྲོ་གྲོན་གྱི་མ་དངུལ་དེ་འདས་པའི་ལོ་རྒྱུས་ནང་མང་ཤོས་སུ་གྱུར་ཡོད་འདུག་པར་བརྟེན། མ་འོངས་པར་འཛམ་གླིང་ནང་དམག་འཁྲུག་ཆེན་པོ་ཞིག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པར་བརྗོད་འདུག ཕྱི་ཚེས་༢༣ ཉིན་ཐའེ་པེ་དུས་བབ་(TaipeiTime)གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གིས་འདས་པའི་ལོ་༡༩ རིང་བདེ་སྲུང་ངམ་དམག་སྟོབས་ཡར་རྒྱས་ཀྱི་ཆེད་དུ་འགྲོ་གྲོན་ལོ་རེ་ནས་མང་དུ་གཏོང་གི་ཡོད་པ་དང་། ལོ་རེར་བརྒྱ་ཆ་༦ སྤར་གྱི་ཡོད་འདུག   རྒྱ་ནག་གིས་ལོ་སྔོན་མར་བདེ་སྲུང་གི་ཆེད་དུ་མ་དངུལ་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༢༩༦ ཙམ་བཏང་ཡོད་འདུག་ལ། ཐའེ་ཝན་ལྟ་བུར་མཚོན་ན་ལོ་སྔོན་མར་ཨ་སྒོར་ཐེར་འབུམ་༡༦་༦ ཙམ་བཏང་ནས་ལོ་རེར་བརྒྱ་ཆ་༡༡ ཙམ་སྤར་གྱི་ཡོད་འདུག གོ་ལའི་ཞི་བདེའི་ལྟེ་གནས་ཁང་ཟེར་བའི་ཉམས་ཞིབ་ལྟེ་གནས་ཁང་དེས་བརྗོད་དོན་ལ། འཛམ་གླིང་སྤྱི་ཡོངས་སུ་རྒྱལ་ཁབ་སོ་སོས་བདེ་སྲུང་གི་ཆེད་དུ་དམག་དཔུང་གི་སྟོགས་ཤུགས་གོང་མཐོར་གཏོང་རྒྱུའི་ཆེད་དུ་མ་དངུལ་འགྲོ་གྲོན་ཕོན་ཆེན་གཏོང་གི་ཡོད་འདུག་པར་བརྟེན། ལོ་སྔོན་མའི་རྒྱལ་ཁབ་སོ་སོའི་དམག་དོན་འགྲོ་གྲོན་དེ་ཕྱི་ལོ་༢༠༠༩ ནས་ད་བར་མང་ཤོས་དེ་ཆགས་ཀྱི་ཡོད་འདུག ལོ་སྔོན་མའི་གོ་ལའི་སྤྱི་ཡོངས་ཀྱི་དམག་དོན་ཆེད་དུ་འགྲོ་གྲོན་ཨ་སྒོར་ཁྲག་ཁྲིག་ཆེན་པོ་༢་༤ བཏང་ཡོད་འདུག་ལ། སྤྱི་ཡོངས་ཀྱི་བརྒྱ་ཆ་༦་༨ འཕར་ནས་མ་དངུལ་མང་ཤོས་གཏོང་མཁན་ནི་ཡུ་རོབ་དང་། དཀྱིལ་ཤར་ཡུལ་གྲུ  ཨེ་ཤེ་ཡ་བཅས་ཡིན་འདུག་པར་བརྟེན། མ་འོངས་པར་ས་ཁུལ་དེ་དག་ནང་དམག་འཁྲུག་ཡོང་རྒྱུའི་ཉེན་ཁ་ཆེན་པོ་ཡོད་པ་དང་། གོ་ལའི་ཁྱོན་ཡོངས་སུ་བདེ་འཇགས་དེ་ཙམ་མེད་པར་སྟོན་གྱི་ཡོད་པ། དམིགས་བསལ་ཡུ་རོབ་དང་། ཨེ་ཤེ་ཡ། དཀྱིལ་ཤར་ཡུལ་གྲུ་ཁག་ནང་བདེ་འཇགས་སྲུང་སྐྱོབ་ཐད་སྔར་ལས་གནས་སྟངས་བཟང་དུ་འགྲོ་རྒྱུ་ལས་ལྡོག་སྟེ་དཀའ་ངལ་ཆེ་རུ་འགྲོ་བཞིན་ཡོད་པར་མངོན་པ་རེད་ཅེས་ཉམས་ཞིབ་ལྟེ་གནས་ཁང་དེའི་ཉམས་ཞིབ་པ་རྒན་པ་(Nan Tian)ཟེར་བ་ཞིག་གིས་བརྗོད་ཡོད་འདུག མངའ་ཁུལ་དེ་དག་གི་ནང་ནས་རྒྱ་ནག་དང་། ཨུ་རུ་སུ། རྒྱ་གར། སོ་དྷི་ཨ་རབ་བཅས་ནི་བདེ་སྲུང་གི་ཆེད་དུ་འགྲོ་གྲོན་མང་ཤོས་གཏོང་མཁན་དག་ཆགས་ཀྱི་ཡོད་འདུག ཉམས་ཞིབ་ལྟེ་གནས་ཁང་དེ་ཡིས་མུ་མཐུད་བརྗོད་དོན། ཨུ་རུ་སུ་དང་ཡུག་རེན་བར་དམག་འཁྲུག་གི་རྐྱེན་པས་ཨུ་རུ་སུས་ལོ་སྔོན་མར་ཨ་སྒོར་ཐེར་འབུམ་༡༠༩ བཏང་ཡོད་པ་དང་། ཨུ་རུ་སུས་ཡུག་རེན་གྱི་ས་ཆ་ཁེ་མར་ཡ་བཙན་བཟུང་བྱས་རྗེས་བདེ་སྲུང་གི་ཆེད་དུ་འགྲོ་གྲོན་བརྒྱ་ཆ་༥༧ ཙམ་སྤར་ཡོད་འདུག ཡུག་རེན་གྱིས་ལོ་སྔོན་མར་བདེ་སྲུང་ཆེད་དུ་མ་དངུལ་འགྲོ་གྲོན་ཨ་སྒོར་ཐེར་འབུམ་༦༤་༨ བཏང་ཡོད་འདུག་པ་དང་བརྒྱ་ཆ་༥༡ ཙམ་ཡིན་འདུག འོན་ཀྱང་། ཡུག་རེན་ལ་དམག་དོན་ཆེད་དུ་རོགས་རམ་ཨ་སྒོར་ཐེར་འབུམ་༣༥ ཙམ་རག་ཡོད་འདུག་པ་དང་། དེ་དག་ལས་མང་ཆེ་བ་ཨ་རི་ནས་ཡིན་འདུག ཡུག་རེན་ལ་རག་པའི་དམག་དོན་རོགས་རམ་གྱི་མ་དངུལ་རྣམས་བསྡོམས་ན་ཨུ་རུ་སུའི་དམག་དོན་གྱི་འགྲོ་གྲོན་བརྒྱ་ཆ་༩ ནས་༡༠ ཙམ་ཡིན་འདུག ལོ་སྔོན་མར་ཡུག་རེན་གྱི་དམག་དོན་ཆེད་དུ་འགྲོ་གྲོན་དང་ཨུ་རུ་སུའི་དམག་དོན་ཆེད་དུ་འགྲོ་གྲོན་གཉིས་འདྲ་བོར་གྱུར་ཡོད་འདུག ཡུག་རེན་གྱི་ལོ་གཅིག་གི་རྒྱལ་ཁབ་ཀྱི་ཡོང་བབས་(GDP)ལས་བརྒྱ་ཆ་༣༧ ཙམ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་ཡོང་འབབ་ལས་བརྒྱ་ཆ་༥༨ ཙམ་བཏང་ཡོད་འདུག འོན་ཀྱང་། དེ་ལས་ལྡོག་སྟེ་ཨུ་རུ་སུས་(GDP)་ལས་བརྒྱ་ཆ་༥་༩ […]

མང་ཚོགས་དང་གཞོན་སྐྱེས་ཚོར་ལྷ་གཞུང་འཁྲབ་སྟོན་གྱི་གལ་གནད་སྐོར་གོ་སྐོན་སློབ་གསོ་གནང་དགོས་པའི་འབོད་སྐུལ་ཞུས།

ཟླ་འདིའི་ཚེས་༢༢ ཉིན་བོད་ཀྱི་ཟློས་གར་ཚོགས་པར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༧ པའི་མཇུག་བསྡོམས་མཛད་སྒོ་འཚོགས་སོང་།ཐེངས་འདིའི་མཛད་སྒོའི་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་དང་དམིགས་བསལ་སྐུ་མགྲོན་སྤྱི་འཐུས་ཚོགས་གཞོན་གཙོས་པའི་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགན་འཛིན་རྣམ་པ་སོགས་ཕེབས་འདུག བོད་ཀྱི་ཟློས་གར་ཚོགས་པའི་སྤྱི་ཁྱབ་འགན་འཛིན་དོན་གྲུབ་ཚེ་རིང་གིས་བོད་ཀྱི་ལྷ་མོའི་ཟློས་གར་དེ་དུས་རབས་བཅུ་བཞི་ནས་དར་ཏེ་ད་བར་ལོ་ངོ་དྲུག་བརྒྱ་ཙམ་ཕྱིན་ཡོད་པ་དང་རྒྱ་ནག་སོགས་ཡུལ་ལུང་གཞན་གྱི་ཟློ་གར་དང་བསྡུར་ན། དུས་ཀྱི་ཆ་ནས་སྔ་བ་ཙམ་མ་ཟད། འཁྲབ་གཞུང་གི་ནང་དོན་དང་འཁྲབ་སྟོན་གྱི་སྒྱུ་རྩལ་ཡང་གཞན་ལས་གཟེངས་སུ་ཐོན་པའི་དམིགས་བསལ་གྱི་ཁྱད་ཆོས་དང་རིན་ཐང་ལྡན་ཡོད་ཅེས་དང་། ཕྱི་ལོ་༡༩༩༣ ་ལོར་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་དང་པོ་འཚོགས་པ་ནས་བཟུང་། ད་བར་ཞོ་སྟོན་ཐེངས་༢༧ ་པ་འཚོགས་པའི་རིང་། ལོ་ལྟར་སྔར་ཡོད་འཁྲབ་གཞུང་ཁག་གི་ཐོག་འཁྲབ་གཞུང་གསར་པ་ཁག་ཅིག་ཀྱང་རྩོམ་སྒྲིག་བྱས་ནས་འཁྲབ་ཐུབ་པ་བྱུང་ཡོད་པའི་སྐོར་དང་། དེ་བཞིན་རྒྱ་གཞུང་གིས་བོད་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་བྱུས་འོག་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རྣམས་རྩ་བརླག་གཏོང་ཆེད། བོད་ཀྱི་ཞབས་གཞས་སྤྱི་དང་ལྷག་པར་དུ་བོད་ཀྱི་ལྷ་མོའི་ཟློས་གར་གྱི་སྒྱུ་རྩལ་ནང་དེང་དུས་ཀྱི་འཁྲབ་རྩལ་ཡ་མ་ཟུང་དག་ར་མགོ་ལུག་སྦྱར་དང་། ཉ་ཉུང་མཉམ་བསྲེ་ཡིས་བོད་ཀྱི་སྔར་སྲོལ་རྣམས་མེད་པ་བཟོ་ཐབས་བྱེད་བཞིན་པ་དང་། བཙན་བྱོལ་ནང་ལ་མཚོན་ན། བོད་ཀྱི་ལྷ་མོའི་ཟློས་གར་གྱི་སྒྱུ་རྩལ་ཐད་མཁྱེན་རྒྱ་དང་མྱོང་བ་ཟབ་པའི་རྒན་རབས་མང་ཆེ་བ་དགོངས་པ་རྫོགས་ཟིན་པ་དང་། ཁག་ཅིག་ཡོད་རུང་དགུང་ལོ་བགྲེས་པའི་དབང་གིས་སེམས་ཀྱིས་བསམས་ཀྱང་ལུས་ཀྱིས་མི་འཁྱོག་པས་འཁྲབ་སྟོན་ནང་མཉམ་ཞུགས་མ་ཐུབ་པ་ཡོང་གི་ཡོད་པར་བརྟེན། ཤུལ་དུ་རྒྱུན་འཛིན་བྱེད་མཁན་ཁ་སྐོང་མ་ཐུབ་པའི་དཀའ་ངལ་ལོ་རེ་ནས་ལོ་རེར་མངོན་གསལ་ཇེ་ཆེར་འགྲོ་བཞིན་ཡོད་པ་མ་ཟད། ད་ཡོད་ཕྱོགས་མཐའི་ལྷ་མོ་ཚོགས་པ་ཁག་གིས་མུ་མཐུད་རྒྱུན་གནས་ཐུབ་མིན་ཐད་ཐེ་ཚོམ་དང་སེམས་འཚབ་བྱེད་དགོས་བྱུང་ཡོད་པས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ས་གནས་ཁག་ཏུ་འཚམས་གཟིགས་ཕེབས་སྐབས། ས་གནས་མང་ཚོགས་ལ་ལྷ་གཞུང་འཁྲབ་སྟོན་གྱི་གལ་གནད་སྐོར་གོ་སྐོན་སློབ་གསོ་དང་གཞོན་སྐྱེས་ཚོར་ས་གནས་ལྷ་མོ་ཚོགས་པའི་ནང་མཉམ་ཞུགས་ཡོང་བའི་སྐུལ་མ་གཏོང་བའི་འབོད་སྐུལ་ཡང་ཞུས་སོང་། གཞན་ཡང་ད་ལོ་བོད་ཀྱི་ཞོ་སྟོན་རྒྱས་པ་ཐེངས་༢༧ པའི་ནང་ལྷ་མོ་ཚོགས་པ་ཁག་༡༢ མཉམ་ཞུགས་གནང་ཡོད་པས་ད་བར་མཉམ་ཞུགས་གནང་བའི་གྲངས་འབོར་མང་ཤོས་སུ་གྱུར་ཡོད་པ་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་ལྷ་མོ་ཚོགས་པ་ཁག་གི་འགན་འཛིན་རྣམ་པས་བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་སྒྱུ་རྩལ་རིག་གཞུང་དེ་དག་མི་ཉམས་རྒྱུན་འཛིན་དང་ཉམས་པ་སོར་ཆུད་སླད་ལྷན་ཚོགས་ཤིག་ཚོགས་ནས་གྲོས་ཆོད་ཁག་༡༢ གཏན་འབེབས་བྱུང་ཡོད་པ་སོགས་ཀྱི་སྐོར་གསུངས་སོང་། དེའི་རྗེས་བོད་ཀྱི་ཟློས་གར་ཚོགས་པས་ལྷ་གཞུང་རྒྱལ་སྲས་དད་པ་བསྟན་པའི་རྣམ་ཐར་གཟིགས་འབུལ་དང་ཉིན་རྒྱབ་ཆུ་ཚོད་ལྔ་པའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་གིས་གསུང་བཤད་གནང་སྐབས། ཐེངས་འདིའི་ཞོ་སྟོན་ནང་མཉམ་ཞུགས་གནང་མཁན་༤༥༢ ཙམ་བྱུང་ཡོད་པ་ཚང་མ་ལ་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུའི་གོ་སྐབས་ཐོབ་ཡོད་པ་དང་། ལྷ་མོའི་འཁྲབ་གཞུང་དག་གཞོན་སྐྱེས་ཚོས་མགོ་ཚོད་པའི་ཐབས་ལམ་གསར་པ་དགོས་རྒྱུ་གལ་ཆེན་ཡིན་པ། ལྷ་མོའི་གཞུང་དེ་སྤྱིར་ཟློས་གར་དང་། ལྷག་པར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གནའ་སྔ་མོ་ནས་འདིའི་ཐོག་གཟིགས་པ་ཆེན་པོ་གནང་སྟེ་མགོན་གང་ཉིད་མཆོག་གི་བྱིན་རླབས་ལ་བརྟེན་ནས་འཚོ་བཞིན་པ་དང་། བཀའ་ཤག་གི་ངོས་ནས་ཀྱང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་སྒྲུབ་རྒྱུ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་མི་ཉམས་རྒྱུན་འཛིན་དང་ཉམས་པ་སླར་གསོ་བྱ་རྒྱུའི་ལས་འགན་ཡོད་པར་བརྟེན་ཞོ་སྟོན་རབས་དང་རིམ་པར་བོད་མིའི་སྒྲིག་འཛུགས་སྔ་རྗེས་ཀྱིས་ཕྱག་རོགས་ཞུ་དགོས་པ་དང་། མཐུན་འགྱུར་ཞུ་དགོས་པ་རྣམས་ཞུས་ཡོད་པ་མ་ཟད། ང་ཚོར་བོད་ཀྱི་གཅེས་ནོར་རྒྱུན་འཛིན་ཆེད་རོགས་དངུལ་ཡོད་པ་དང་། ད་ལོར་འབུམ་ ༦༠ ལྷག་ཙམ་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་བོད་ཀྱི་ཟློས་གར་ཚོགས་པས་འགྲོ་སོང་བཏང་ཡོད་པ། གྲུབ་ཐོབ་ཐང་སྟོང་རྒྱལ་པོ་དགུང་ལོ་༡༢༥ ་བཞུགས་པའི་རྟེན་འབྲེལ་དང་། དེ་རིང་གི་གཞུང་མཐའ་མ་རྒྱལ་སྲས་དད་པ་བསྟན་པའི་རྣམ་ཐར་འཁྲབ་གནང་ཡོད་པ་དང་། ལྷ་མོ་བ་ཚོས་སྨོན་ལམ་འདེབས་པ་བཞིན་རྒྱལ་སྲས་དད་པ་བསྟན་པས་རྒྱལ་སྲིད་ལོ་༡༠༡ སྐྱོང་ཐུབ་པའི་རྟེན་འབྲེལ་སྒྲིག་པ་དང་། ༧གོང་ས་མཆོག་གིས་རྒྱུན་དུ་ལོ་ངོ་བཅུ་ཕྲག་གཉིས་ལྷག་བཞུགས་རྒྱུའི་བཀའ་གནང་བ་ལྟར། ༧གོང་ས་མཆོག་དགུང་ལོ་༡༡༣ བཞུགས་རྒྱུའི་རྟེན་འབྲེལ་ཡོད་པ་སོང་ཙམ་རྟེན་འབྲེལ་སུམ་བརྩིགས་ཐོག་༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་ལམ་ཞུ་རྒྱུ་ཡིན་སོགས་གསུངས་སོང་། གསར་འགོད་པ། བློ་བཟང་རྒྱ་མཚོ།